14/12/2019

བོད་མི་ཞིག་གིས་བཀག་ཉར་མནར་གཅོད་གཡོལ་ཆེད་རང་སྲོག་བཅད་འདུག

  •   
  •  
  •  
  •  
  •  
  •  
  •  

བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་གཏོགས་ཆབ་མདོ་ས་ཁུལ་སྨར་ཁམས་རྫོང་དུ། ས་གནས་ཉེན་རྟོག་པས་བོད་མི་ཞིག་བཀག་ཉར་བྱས་མཐར་བོད་མི་དེས་རང་སྲོག་བཅད་ཡོད་འདུག

གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། རང་ལོ་ ༣༠ ཡིན་པའི་བོད་མི་བཀྲ་ཤིས་ལགས། རྒྱ་གཞུང་ཉེན་རྟོག་པས་སྨར་ཁམས་རྫོང་གཙང་ཤོད་ཡུལ་ཚོའི་མངགས་གཏོང་ཁང་དུ་བཀག་ཉར་བྱས་རྗེས། ཕྱི་ཟླ་ ༣ ཚེས་ ༡༡ ཉིན་བཀྲ་ཤིས་ལགས་ཀྱིས་བཀག་ཉར་ཁང་དུ་རང་སྲོག་བཅད་ཡོད་འདུག ཁོང་ག་དུས་འཇུ་བཟུང་བཀག་ཉར་བྱས་པ་ཡིན་མིན་གསལ་བོ་ཤེས་རྟོགས་ཐུབ་ཀྱི་མེད་ཀྱང་། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༠ སྟེ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུ་དུས་དྲན་ཐེངས་ ༥༧ པའི་སྔོན་ཙམ་ལ་འཇུ་བཟུང་བཀག་ཉར་བྱས་པ་ཞིག་ཡིན་འདུག

གསར་ལམ་ཁག་གིས་སྤེལ་བའི་གནས་ཚུལ་གཞིགས་ན། བོད་མི་བཀྲ་ཤིས་ལགས་ལ་བཀག་ཉར་ཁང་ནང་མི་སྤྱོད་ལས་འདས་པའི་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་ཡོད་སྟབས། ཁོང་གིས་ཕྱི་ཟླ་ ༣ ཚེས་ ༡༡ ཉིན་རང་སྲོག་བཤད་ཡོད་འདུག བཀྲ་ཤིས་ལགས་ཀྱིས་རང་སྲོག་བཅད་པའི་དོན་རྐྱེན་བྱུང་རྗེས། ས་གནས་བོད་མི་ཁག་ཅག་གིས་སྨར་ཁམས་རྫོང་གི་ཉེན་རྟོག་ལས་ཁུངས་མདུན་དུ་ཞི་བའི་ངོ་རྒོལ་བྱས་ཡོད་པ་དང་། སྐབས་དེར་ཉེན་རྟོག་པས་ཞི་བའི་ངོ་རྒོལ་གྱི་གནས་ཚུལ་བརྙན་པར་བརྒྱབ་རྗེས། བརྙན་ནང་གསལ་བའི་བོད་མི་ཚང་མ་འཇུ་བཟུང་བཀག་ཉར་བྱས་ཡོད་འདུག དེ་བཞིན། ས་གནས་སྲིད་གཞུང་གིས་སྨར་ཁམས་རྫོང་གི་ཕྱི་ལོགས་སུ་ཚོང་གཉེར་བྱེད་བཞིན་པའི་ས་གནས་བོད་མི་ཚང་མ་ཉིན་ ༡༥ ནང་ཚུད་ཕྱིར་རང་ཁྱིམ་དུ་ལོག་དགོས་པའི་བཀའ་རྒྱ་བཏང་འདུག བཀའ་རྒྱ་དེ་ག་དུས་ཞིག་ལ་བཏང་ཡོད་མེད་གསལ་རྟོགས་ཐུབ་ཀྱི་མེད་ཀྱང་། ཉེ་ཆར་རྒྱ་གཞུང་གིས་སྨར་ཁམས་རྫོང་ཐོག་ཏུ་བཀག་སྡོམ་ནན་མོ་བྱེད་ཀྱིན་ཡོད་པ་གསལ་བོར་མངོན་ཡོད་དེ། རྒྱ་གཞུང་ཉེན་རྟོག་པ་མང་པོ་རྫོང་གི་ས་གནས་གང་སར་བཀྲམས་པ་དང་དྲ་ལམ་ཡོངས་རྫོགས་བཀག་སྡོམ་བྱས་ཡོད་པ་རེད།

འདི་ག་ལྟེ་གནས་ཁང་གི་ངོས་ནས་བོད་མི་བཀྲ་ཤིས་ལགས་ཀྱིས་རང་སྲོག་བཅད་པའི་དོན་རྐྱེན་དང་། ས་གནས་མི་མང་ལ་དམ་དྲག་བྱེད་བཞིན་པའི་ཐད་ཀྱི་ཞིབ་ཕྲའི་གནས་ཚུལ་ཁ་གསལ་ཤེས་རྟོགས་ཐུབ་དཀའ་མོད། རྒྱ་གཞུང་གིས་བོད་ཀྱི་གལ་ཆེའི་དུས་དྲན་དང་ཆོས་ཕྱོགས་ཀྱི་དུས་ཆེན་དག་ལ་གནས་ཚུལ་རིགས་བྱུང་སྐབས། བོད་ནང་དམ་དྲག་ཤུགས་ཆེན་བྱེད་བཞིན་པ་དེ་རྒྱུན་གཏན་བྱེད་སྤྱོད་ཞིག་ཆགས་ཡོད་པ་རེད།

སྤྱིར་རྒྱ་གཞུང་གིས་བོད་མི་ཞི་རྒོལ་བ་རྣམས་བཀག་ཉར་སྐབས། མི་སྤྱོད་ལས་འདས་པའི་མནར་གཅོད་གཏོང་བཞིན་པ་དེ་ནི། གཅིག་ནས་ཁོང་ཚོར་བཙན་དབང་གིས་ནག་ཉེས་ཁས་ལེན་བྱེད་འཇུག་པ་དང་། གཉིས་ནས་ཞི་བའི་ཐོག་ནས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་མཚམས་འཇོག་ཡོང་བའི་ཆེད་དུ་དམིགས་པ་ཞིག་རེད། རྒྱ་གཞུང་གི་གདུག་རྩུབ་ཆེ་བའི་མནར་གཅོད་ཀྱི་བྱེད་ཐབས་དེས་བོད་མི་མང་པོར་ཚེ་སྲོག་ལ་གནོད་པའི་རྨས་སྐྱོན་ཚབས་ཆེན་ཕོག་པ་མ་ཟད། བོད་མི་མང་པོ་ཞིག་བཀག་ཉར་ཁང་ནང་འདས་གྲོངས་འགྲོ་བཞིན་ཡོད། དེ་བཞིན། བཙན་དབང་གིས་རང་ཉིད་ཀྱི་རྩ་བའི་བླ་མ་༧གོང་ས་མཆོག་ལ་སྐྱོན་བརྗོད་བྱེད་བཅུག་པ་སོགས། བོད་མིའི་སེམས་ལ་བཟོད་ཐབས་བྲལ་བའི་སྡུག་སྦྱོང་བཏང་བར་བརྟེན་ནས། བོད་མི་མང་པོ་ཞིག་རང་ཉིད་གསོན་འདུན་མེད་པ་ཆགས་ཀྱིན་ཡོད།

རྒྱ་གཞུང་གིས་བཀག་ཉར་སྐབས་ཀྱི་མནར་གཅོད་ཕལ་ཆེ་བ་ནི་འདྲི་གཅོད་སྐབས་གཏོང་གི་ཡོད། བོད་བཀྲ་ཤིས་ལགས་ཀྱིས་མྱངས་པའི་ལས་དབང་དེ་བཞིན། བོད་མི་གཞན་དག་གིས་ཀྱང་མྱོང་དགོས་བྱུང་བཞིན་ཡོད། ༢༠༡༢ ཕྱི་ཟླ་ ༣ ཚེས་ ༢༩ ཉིན་རང་ལོ་ ༢༥ ཡིན་པའི་མགོན་པོ་རིག་འཛིན་ལགས་ཀྱིས་བྲག་མགོ་རྫོང་དུ་རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བཀག་ཉར་མ་ཐེབས་གོང་རང་སྲོག་བཅད་ཡོད། ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༣ ཉིན་བྲག་མགོ་རྫོང་དུ་མི་མང་གི་ཞི་རྒོལ་སྐབས་ཁོང་མཉམ་ཞུགས་བྱས་ཡོད། སྐབས་དེར་རྒྱ་གཞུང་ཉེན་རྟོག་པས་བོད་མི་ཞི་རྒོལ་བ་རྣམས་ཀྱི་ཐོག་ལ་མེ་མདའ་བརྒྱབ་ཡོད། དེ་བཞིན། རང་ལོ་ ༣༧ ཡིན་པའི་རྔ་པ་ཁཱ་ཤིས་དགོན་དགེ་འཕེལ་བསམ་གླིང་དགོན་གྱི་གྲྭ་ཡོན་ཏན་རྒྱ་མཚོ་ལགས་ཀྱིས་ཀྱང་། རྒྱ་གཞུང་གིས་ཁྲིན་ཏུའུ་ཝུན་གྱང་བཙོན་ཁང་དུ་བཀག་ཉར་གྱིས་ཁོང་ལ་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་སྐབས། རང་སྲོག་གཅོད་ཐབས་ཐེངས་མང་བྱས་ཡོད་པ་རེད། མཐར་ཁོང་ཟླ་ ༨ ལྷག་རིང་གསང་བའི་ཐོག་བཀག་ཉར་བྱས་རྗེས། ༢༠༡༢ ཟླ་ ༦ ཚེས་ ༡༨ ཉིན་ལོ་ ༧ གྱི་དུས་བཀག་ཁྲིམས་ཐག་བཅད་ཡོད་པ་རེད།