03/08/2020

བོད་མི་བཞི་ལ་ “རྒྱལ་ཁབ་ཁ་བྲལ་སྐུལ་སློང་” ཉེས་མིང་འོག་ཁྲིམས་ཆད་བཏང་འདུག

  •   
  •  
  •  
  •  
  •  
  •  
  •  

ཉེ་ཆར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། ཐུན་རིན་རྫོང་དང་རྩེ་ཁོག་རྫོང་གཉིས་སུ་ཁྲིམས་ར་བསྡུས་ཏེ། བོད་མི་གཅོད་པ་རྒྱལ་དང་ལྕགས་ཐར། ནམ་མཁའ་བྱམས། མགོན་བྷེ་བཅས་བཞི་ལ་ “རྒྱལ་ཁབ་ཁ་བྲལ་སྐུལ་སློང་” གི་བསྙད་བཙུགས་ཏེ།  ལོ་ ༦  ནས་ ༣ བར་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག

༢༠༡༣ ཕྱི་ཟླ་ ༤ ཚེས་ ༡༢ ཉིན་གྱི་མཚོ་སྔོན་ཞིང་ཆེན་གྱི་གཞུང་འབྲེལ་ཚགས་པར་ “མཚོ་སྔོན་ཉིན་རེའི་ཚགས་པར་” སྟེང་།  བོད་མི་གཅོད་པ་རྒྱལ་ལ་ལོ་ ༦ དུས་བཀག་བཙོན་འཇུག་དང་ལོ་ ༣ ཆབ་སྲིད་ཁེ་དབང་བཙན་འཕྲོག   ལྕགས་ཐར་ལ་ལོ་ ༤ དུས་བཀག་བཙོན་འཇུག་དང་ལོ་ ༢ ཆབ་སྲིད་ཁེ་དབང་བཙན་འཕྲོག  ནམ་མཁའ་བྱམས་ལ་ལོ་ ༦ དུས་བཀག་བཙོན་འཇུག་དང་ལོ་ ༣ ཆབ་སྲིད་ཁེ་དབང་བཙན་འཕྲོག  མགོན་པོ་(མགོན་པོ་དང་དཀོན་བྷེ་གང་ཡིན་གསལ་རྟོགས་ཐུབ་དཀའ།) ལ་ལོ་ ༣ དུས་བཀག་བཙོན་འཇུག་དང་ལོ་ ༡ ཆབ་སྲིད་ཁེ་དབང་བཙན་འཕྲོག་བཅས་ཀྱི་ཁྲིམས་ཐག་བཅད་ཡོད་པ་བསྒྲགས་འདུག

གཞུང་འབྲེལ་ཚགས་པར་དེའི་སྟེང་། བོད་མི་གཅོད་པ་རྒྱལ་གྱིས་ QQ འཕྲིན་ལམ་གླེང་མོལ་བརྒྱུད།  བོད་རང་བཙན་དང་འབྲེལ་བའི་པར་རིས་དང་ཡི་གེ་སོགས་གནས་ཚུལ་ཕྱིར་བསྒྲགས་དང་རྒྱལ་ཁབ་ཁ་བྲལ་གྱི་གཏམ་བརྗོད་བྱས་ཡོད་པ།  ལྕགས་ཐར་གྱིས་མི་གཞན་གྱིས་རང་སྲེག་བྱེད་བཞིན་པ་ཤེས་བཞིན་དུ།  སྔ་ཕྱིར་ཐེངས་གསུམ་ལ་མི་གཞན་པར་རང་སྲེག་མཁན་གྱི་འདྲ་པར་དང་ཁ་བྲལ་གྱི་ནང་དོན་ལྡན་པའི་པར་རིས་བཀྲམས་ཡོད་པ།  ནམ་མཁའ་བྱམས་ཀྱིས་རང་སྲེག་བྱེད་མཁན་ལ་པར་བརྒྱབ་སྟེ་གནས་འཕྲིན་དྲ་རྒྱ་སྤྱད་ནས་ཕྱི་ཕྱོགས་དང་བོད་ནང་མི་གཞན་པར་བརྒྱུད་གཏོང་བྱས་ཡོད་པ། མགོན་པོ་ཡིས་རྒྱལ་ཁབ་ཁ་བྲལ་གྱི་ནང་དོན་ལྡན་པའི་རང་སྲེག་འདྲ་པར་སོགས་བརྒྱུད་སྒྲོག་བཅས་བྱས་ཡོད་སྟབས། “རྒྱལ་ཁབ་ཁ་བྲལ་སྐུལ་སློང་” གི་ཁྲིམས་ཆད་བཅད་ཡོད་སྐོར་བཀོད་འདུག

སྤྱིར་རྒྱ་གཞུང་གི་ཉེས་ཁྲིམས་ཨང་ ༡༠༣ གྱི་དོན་ཚན་ ༢ པ་ “རྒྱལ་ཁབ་ཁ་བྲལ་སྐུལ་སློང་ ” ཞེས་པའི་ཉེས་ཁྲིམས་དོན་ཚད་དེ་ནི།  གཞི་རྩའི་ཁྲིམས་ཀྱི་ངོ་བོ་ལྡན་པ་ཞིག་མ་ཡིན་པར།  རྒྱ་གཞུང་དང་ལྟ་བ་ཐ་དད་འཛིན་མཁན་དང་ཆོས་ལུགས་མ་སྣ།  གྲངས་ཉུང་མི་རིགས་བཅས་ལ་དྲག་གནོན་བྱ་ཐབས་ཁོ་ནར་དམིགས་ཏེ།  མིའི་ལྷན་སྐྱེས་ཀྱི་བསམ་གཞིགས་དང་སྨྲ་བརྗོད་རང་དབང་ལ་ཆེད་གཉེར་བཀག་སྡོམ་བྱེད་པའི་ལོག་ཁྲིམས་ཤིག་ཆགས་ཡོད་ལ།  ལྷག་པར་དུ་ཐེངས་འདིར་རྒྱ་གཞུང་གི་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ནང་།  བོད་མི་དེ་དག་གིས་རྒྱ་གཞུང་གི་ “རྒྱལ་ཁབ་ཁ་བྲལ་སྐུལ་སློང” གི་ཉེས་ཁྲིམས་དེའི་ནང་དོན་ལྟར།  “ངན་སྐུལ་བསླུ་བྲིད་དང་། མང་ཚོགས་ཁྲོད་རྒྱལ་ཁབ་ཁ་བྲལ་གྱི་འཁྲུག་རྐྱེན་སློང་བ། རྒྱལ་ཁབ་གཅིག་གྱུར་ལ་གཏོར་སྐྱོན་བཟོ་བའི་བྱ་སྤྱོད་སྤེལ་བ”   ཡོད་པའི་དཔང་སྐྱེལ་ཁ་གསལ་གང་ཡང་བཏོན་མེད་པ་རེད།

རྒྱ་གཞུང་གི་ “རྒྱལ་ཁབ་ཁ་བྲལ་སྐུལ་སློང་” གི་ཁྲིམས་ཆད་དུས་ཡུན་ནི། དམིགས་བསལ་ནག་ཉེས་ཆེན་པོ་ཅན་ལས་གཞན།  སྤྱིར་བཏང་གི་ཁྲིམས་ཆད་དུས་ཡུན་ལོ་ ༥ མར་འདབ་ཡིན།  རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བའི་ནང་། གོང་གསལ་བོད་མི་དེ་དག་གིས་དམིགས་བསལ་ནག་ཉེས་ཆེན་པོ་བསགས་ཡོད་པའི་གནས་ཚུལ་གང་ཡང་ཐོན་མེད་པ་མ་ཟད།  “ལྕགས་ཐར་དང་མགོན་བྷེ་གཉིས་ཀྱིས་རང་ཉེས་རང་ཞུ་བྱས་པ་དང་། གཅོད་པ་རྒྱལ་དང་ནམ་མཁའ་བྱམས་གཉིས་ཀྱིས་ཉེས་པ་ཁས་ལེན་གྱི་རྣམ་འགྱུར་ཡག་པ་བསྟན་པ་བཅས་ལ་བརྟེན་ནས་ཁྲིམས་ཆད་ཡང་པོ་བཅད་ཡོད།” ཅེས་གསལ་འདུག  ཡིན་ནའང་།  རྒྱ་གཞུང་གིས་དེ་ལས་ལྡོག་སྟེ་གཅོད་པ་རྒྱལ་དང་ནམ་མཁའ་བྱམས་གཉིས་ལ་ལོ་ ༦ རེའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་རེད།

གཞན་ཡང་།  རྒྱ་གཞུང་གི་བརྒྱུད་ལམ་ཁག་ཏུ་གཞུང་ཕྱོགས་ཀྱི་ཞུ་སྦྱོར་སྡེ་ཁག་གིས་སྐྱོན་འདོན་ཞུ་གཏུག་བྱས་པ་དོན་དངོས་ཁུངས་འཕེར་དང་ར་འཕྲོད་བྱུང་ཡོད་པ་དང་། རྒྱལ་ཁབ་ཁ་བྲལ་སྐུལ་སློང་གི་ཉེས་པ་བསགས་ཡོད་པ་ཁྲིམས་ཁང་གིས་ངོས་འཛིན་ཐོབ་ཡོད་སྐོར་ཙམ་ལས། བོད་མི་དེ་དག་ལ་སྒེར་ངོས་ནས་ཁྲིམས་རྩོད་པ་གླ་ཆོག་པའི་ཐོབ་ཐང་སྤྲད་ཡོད་མེད་དང་། ཁྲིམས་ག་དུས་ཚོགས་པའི་དུས་ཚོད་དང་ཁྲིམས་ར་ཚོགས་སྐབས་ཁོ་ཚོའི་ཕ་མ་ཉེ་འབྲེལ་རྣམས་ཟུར་ཉན་དུ་བཅར་བཅུག་ཡོད་མེད།  ཐ་ན། ཁོ་ཚོའི་ལོ་ཚད་དང་ལས་གནས། སྡེ་བ་གང་ནས་ཡིན་མིན་སོགས་གང་ཡང་གསལ་འདོན་བྱས་མེད་པ་རེད།