14/12/2019

བོད་མི་དཀྱུས་མ་ཞིག་གིས་རང་དབང་རྩོད་ལེན་འོག་མནར་གཅོད་མྱངས་པའི་གནས་སྟངས།

  •   
  •  
  •  
  •  
  •  
  •  
  •  

photo22༼རེབ་གོང་ནས་བོད་ཀྱི་རྒྱལ་དར་བསྒྲེངས་པའི་སྔ་རྗེས༽ཞེས་པའི་དེབ་འདི་ནི། བོད་མི་ཆབ་སྲིད་བཙོན་ཟུར་བསྟན་འཛིན་ཉི་མ་ལགས་ཀྱིས་བརྩམས་པ་ཡིན་ལ། དེབ་འདིའི་ནང་རྩོམ་པ་པོ་ཁོང་གིས་ཞི་བའི་ལམ་ནས་སོ་སོའི་རང་དབང་རྩོད་ལེན་བྱས་པར་བརྟེན། རྒྱ་གཞུང་གིས་འཇུ་བཟུང་བཀག་བསྐྱིལ་དང་གཅར་རྡུང་འདྲི་གཅོད་བྱས་པའི་བརྒྱུད་རིམ་དང་། དེ་བཞིན། རང་ཡུལ་དུ་འདུག་བཟོད་བྲལ་ཏེ་རྒྱ་གར་དུ་བྲོས་བྱོལ་བྱས་པའི་ལམ་སྐབས་ཀྱི་དཀའ་སྡུག་སོགས། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་སྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་འོག བོད་མི་དཀྱུས་མ་ཞིག་མྱངས་བའི་དཀའ་སྡུག་གི་མི་ཚེ་ལོ་རྒྱུས་བྲིས་ཡོད།

ཕྱི་ལོ་ ༡༩༥༩ ལོ་ནས་བཟུང་ད་ལྟའི་བར་རྒྱ་གཞུང་གིས་བོད་ཐོག་དྲག་གནོན་དབང་སྒྱུར་གྱི་མི་སེར་སྤེལ་ཏེ། བོད་ས་ཡོངས་སུ་མི་རིགས་ཀྱི་ངོ་བོ་མཚོན་པའི་ཆོས་དང་རིག་གཞུང་རྣམས་རྩ་གཏོར་དང་། བོད་མིའི་ཆོས་དད་དང་འགྲོ་བསྐྱོད། གཏམ་བརྗོད། འདུ་འཛོམས་རང་དབང་སོགས་ཀྱིས་མཚོན་པའི། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁག་རྡོག་རོལ་བཏང་དང་གཏོང་བཞིན་པར་བརྟེན། བོད་མི་སྐྱ་སེར་ཕོ་མོ་རྒན་གཞོན་དབྱེར་མེད་ཀྱིས་སོ་སོའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་། མི་རིགས་ཀྱི་བདག་དབང་བཅས་རྩོད་ལེན་ཆེད། རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་ཞི་བའི་འཐབ་རྩོད་རབ་དང་རིམ་པ་གནང་དང་གནང་བཞིན་ཡོད།

ཡིན་ནའང་། སྤྱི་ཚོགས་ཐོག་མཚན་དང་སྙན་གྲགས་ཆེན་པོ་མེད་པའི་བོད་མི་དཀྱུས་མཐའ་ཡས་པ་ཞིག་གིས། ཡིད་ཆེས་དང་དད་པ་བརྟན་པོའི་སྒོ་ནས་སོ་སོའི་རང་དབང་བརྩོད་ལེན་ཆེད་བློས་གཏོང་བྱས་པའི་དཀའ་སྡུག་གནས་ཚུལ་རྣམས། རྒྱལ་སྤྱིའི་སྤྱི་ཚོགས་དང་འཛམ་གླིང་མི་མང་གིས་དུས་ཐོག་མཁྱེན་རྟོགས་ཐུབ་ཀྱི་མེད་པ་མ་ཟད། དུས་ཀྱི་གོམ་འགྲོས་དང་བསྟུན་ནས་རིམ་པས་ཡལ་འགྲོ་བཞིན་ཡོད་སྟབས། བོད་མི་དཀྱུས་མ་དེ་དག་གིས་མྱངས་དང་མྱོང་བཞིན་པའི་དཀའ་སྡུག་གནས་ཚུལ་དེ་རིགས། འཚོལ་ཞིབ་ཀྱིས་རྒྱལ་སྤྱིའི་ཐོག་མཁྱེན་རྟོགས་ཡོང་བ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད།

བོད་མི་དཀྱུས་མ་བསྟན་འཛིན་ཉི་མ་ལགས་ཀྱི་ཞི་བའི་རང་དབང་འཐབ་རྩོད་ཀྱི་མི་ཚེ་ལོ་རྒྱུས་འདིས་ཡིས། ཁོང་དང་ཁོང་འདྲ་བའི་བོད་མི་དཀྱུས་མ་མང་པོ་ཞིག་གིས། རྒྱ་གཞུང་གི་དྲག་གནོན་འོག་མྱོང་བཞིན་པའི་དཀའ་སྡུག་གནས་སྟངས་མཚོན་གྱིན་ཡོད་སྟབས། འདི་ག་ལྟེ་གནས་ཁང་གི་ངོས་ནས་བོད་མི་དཀྱུས་མ་དེ་དག་གིས། སོ་སོའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་རྩོད་ལེན་གྱི་སྙིང་སྟོབས་ལ་རྗེས་སུ་ཡི་རངས་རྒྱབ་སྐྱོར་མཚོན་ཆེད་དང་། བོད་ནང་གི་བོད་མི་དཀྱུས་རྣམས་ཀྱི་དཀའ་སྡུག་གནས་ཚུལ་རྣམས་མཁྱེན་རྟོགས་ཡོང་བར་དམིགས་ཏེ་རྩོམ་སྒྲིག་འགྲེམས་སྤེལ་བྱས་པ་ཡིན་ལ། དེབ་འདི་བརྒྱུད་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་འཛམ་གླིང་མི་མང་གིས། བོད་ནང་གི་བོད་མི་དཀྱུས་མ་དག་གི་དཀའ་སྡུག་གནས་སྟངས་ཐད་དོ་སྣང་ཡོང་བའི་རེ་བ་བྱེད་ཀྱིན་ཡོད།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱུས་ལྟེ་གནས་ཁང་གིས།
ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༡༣ ཉིན།