17/01/2021

བོད་མི་གནས་སྐྱབས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་གྲོངས་འདུག

  •   
  •  
  •  
  •  
  •  
  •  
  •  

ཁ་སང་ཞོགས་པར་བོད་མདོ་སྨད་རྔ་བ་རྫོང་ཨ་འདུས་རྒྱ་དས་སྡེ་བའི་བོད་མི་གནས་སྐྱབས་ཀྱིས་རང་ལུས་མེར་བསྲེགས་ཀྱིས། རྒྱ་ནག་དམར་གཞུང་གི་བོད་ལ་བཙན་འཛུལ་གྱིས་མི་སེར་སྤེལ་བའི་དྲག་གནོན་དབང་སྒྱུར་གྱི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་བྱས་ཡོད་འདུག

རང་ལུས་མེར་བསྲེགས་ཀྱིས་འདས་གྲོངས་ཕྱིན་པའི་བོད་མདོ་སྨད་རྔ་བ་ཨ་འདུས་རྒྱ་དས་སྡེ་བའི་བོད་མི་དམ་དཀར་རམ་གནས་སྐྱབས་ལགས།
རང་ལུས་མེར་བསྲེགས་ཀྱིས་འདས་གྲོངས་ཕྱིན་པའི་བོད་མདོ་སྨད་རྔ་བ་ཨ་འདུས་རྒྱ་དས་སྡེ་བའི་བོད་མི་དམ་དཀར་རམ་གནས་སྐྱབས་ལགས།

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༡༦ ཉིན་གྱི་ཞོགས་པ་སྔ་བོ་བོད་མདོ་སྨད་རྔ་བ་རྫོང་ཨ་འདུས་རྒྱ་དས་སྡེ་བའི་རང་ལོ་ ༤༥ ཡིན་པའི་བོད་མི་དམ་དཀར་རམ་གནས་སྐྱབས་ལགས་ཀྱིས། རང་ཉིད་སྡོད་སའི་ཁང་པའི་ར་སྐོར་ནང་དུ་སྐུ་ལུས་མེར་སྲེག་གནང་ནས་འདས་གྲོངས་སུ་གྱུར་ཡོད་ཅིང་། རྗེས་སུ་སྐུ་ཕུང་ཉེན་རྟོག་པས་ཁྱེར་ཡོད་འདུག

ཁོང་གིས་སྐུ་ལུས་མེར་སྲེག་མ་གནང་པའི་སྔོན་ལ་རང་ཉིད་སྡོད་སའི་ར་སྐོར་ནང་དུ། ༧གོང་ས་མཆོག་དང་༧པཎ་ཆེན་རིན་པོ་ཆེ་རྣམ་གཉིས་ཀྱི་སྐུ་པར་དང་། ཁོ་རང་གི་ནང་མིའི་འདྲ་པར་སོགས་སྒྲིག་ཤོམ་བྱས་ཐོག མདུན་དུ་ཡོན་ཆབ་ཕུལ་བ་དང་མེ་ཏོག་སྒྲིག་པ་སོགས་བྱས་རྗེས། དེའི་ཉེ་གཤམ་གྱི་གོམ་པ་ལྔ་ཙམ་གྱི་སར་སྐུ་ལུས་མེར་སྲེག་བཏང་ཡོད་འདུག

ཁོང་གི་མེར་བསྲེགས་ཞི་རྒོལ་གྱི་གནས་ཚུལ་དང་འབྲེལ་ནས། རྒྱ་གཞུང་ཉེན་རྟོག་པས་ཁོང་གི་སྤུན་གནས་གང་དང་། མག་པ་ཚེ་རིང་བསམ་འགྲུབ་གཉིས་ཀྱང་འདྲི་གཅོད་བྱེད་པར་ཁྲིད་ཡོད་འདུག

རང་བསྲེགས་གནང་མཁན་བོད་མི་དམ་སྐྱབས་ལགས་ཀྱིས་ཁོང་རང་བསྲེགས་མ་བཏང་སྔོན་ལ་སྒྲིབ་བཤམས་བྱས་པའི་༧རྒྱལ་པཎ་རྣམ་གྱི་སྐུ་པར་དང་ཁོང་གི་ནང་མིའི་འདྲ་པར།
རང་བསྲེགས་གནང་མཁན་བོད་མི་དམ་སྐྱབས་ལགས་ཀྱིས་ཁོང་རང་བསྲེགས་མ་བཏང་སྔོན་ལ་སྒྲིབ་བཤམས་བྱས་པའི་༧རྒྱལ་པཎ་རྣམ་གྱི་སྐུ་པར་དང་ཁོང་གི་ནང་མིའི་འདྲ་པར།

དེ་སྔོན་འཛམ་གླིང་ཞི་བདེ་དང་༸གོང་ས་མཆོག་གི་ཞབས་བརྟན་ཆེད། ཁོང་གིས་སྤྱིར་མི་སུ་ཡིན་ཐམས་ཅད་དང་། ཡང་སྒོས་བོད་མི་ཡོད་དོ་ཅོག་ལ་འཁྲུག་རྩོད་སོགས་མི་བྱེད་པའི་དམ་བཅའ་བཞག་ཅིང་། རྔ་བའི་དགོན་ཁག་ཞེ་གཉིས་ཐུན་མོང་གིས་གནང་བཞིན་པའི་ཞི་བདེའི་དཔུང་རྟགས་ཀྱང་ཐོབ་ཡོད་འདུག ཁོང་གི་དྲ་མིང་ལ་ཁ་བ་དོན་འགྲུབ་ཟེར་བ་དང་། རྒྱུན་དུ་དྲ་ཚོམས་དང་མི་སྒེར་སུ་ཡིན་ལ་མཐུན་སྒྲིལ་སྐོར་ནས་གླེང་མོལ་མང་པོ་གནང་མཁན་ཞིག་ཀྱང་ཡིན་འདུག

རང་ལུས་མེར་བསྲེགས་གནང་མཁན་གྱི་བོད་མི་དམ་དཀར་རམ་གནས་སྐྱབས་ལགས་ནི། དེ་སྔོན་ཨ་འདུས་ཡག་མགོ་དགོན་པར་གྲྭ་པ་བྱེད་མྱོང་ཡོད་ཅིང་། དེང་སྐབས་མཐའ་བ་གོང་མའི་ནང་དུ་འབྲོག་སྡེ་སོ་རུ་མའི་བུ་མོ་ཞིག་དང་ལྷན་དུ་བཟའ་སྒྲིག་བྱས་ཏེ། ཁོང་བཟའ་ཚོ་གཉིས་ལ་ཕྲུ་གུ་བདུན་སྐྱེས་ཡོད་འདུག ཕྲུ་གུ་རྣམས་ནི་ཆེ་བ་ཀུན་བཟུང་རང་ལོ་ ༢༡ དང་། ཚེ་པེ་རང་ལོ་ ༢༠ ། ཟླ་བོ་རང་ལོ་ ༡༥། འཛམ་དཀར་རང་ལོ་ ༡༤། སྙིང་པོ་རང་ལོ་ ༡༢། བསོད་ནམས་ལྷ་མོ་རང་ལོ་ ༩། བློ་བཟང་ནོར་བུ་རང་ལོ་ ༧ བཅས་ཡིན་འདུག

ཁོང་གི་ཕ་མིང་ལ་གནས་མོ་དང་། མ་མིང་ལ་དཀར་སྒྲེས་མ་ཟེར་ཞིང་། ཕ་མ་གཉིས་སྔ་མོ་ནས་འདས་ཟིན། ཁོང་ལ་མིང་སྲིང་ལྔ་ཡོད་པ་ལས། སྤུན་ཆེ་བ་གནས་ཚེ་དང་། འབྲིང་བ་གནས་གང་། ཆུང་བ་འབྲུག་པེ། ནུ་མོ་བདེ་མོ་སྐྱིད་བཅས་ཡིན་ལ། སྤུན་ཆེ་བ་གནས་ཚེ་དང་ཆུང་བ་འབྲུག་པེ་གཉིས་རྐྱེན་འདས་སུ་གྱུར་ཡོད་འདུག

གཞན་ཡང་། དེ་རིང་སྟེ་ཕྱི་ཟླ་ ༤ ཚེས་ ༡༧ ཉིན་རྔ་བ་རྫོང་མཁར་གྱི་བོད་པའི་ཚོང་ཁང་དང་ཟ་ཁང་ཁག་སྒོ་གཏན་ནས་རྔ་བ་མི་མང་གིས་གདོང་སེམས་མཉམ་བསྐྱེད་བྱས་ཡོད་པ་དང་། ཤུལ་ལུས་ནང་མི་རྣམས་ལ་སེམས་གསོའི་ཞལ་འདེབས་འབུལ་བ་དང་། དགོན་པ་ཁག་ལ་ཕྱག་སྐོར་དང་བསྔོ་རྟེན་འབུལ་བ་སོགས་སྐྱིད་སྡུག་མཉམ་མྱོང་གནང་བཞིན་ཡོད་འདུག