26/09/2020

བོད་མདོ་སྨད་ཨ་མཆོག་ཏུ་གྲྭ་ཚུལ་ཁྲིམས་རྒྱ་མཚོས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ།

  •   
  •  
  •  
  •  
  •  
  •  
  •  
རང་ལུས་མེར་བསྲེགས་ཀྱི་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ངོ་རྒོལ་གནང་མཁན་གྲྭ་ཚུལ་ཁྲིམས་རྒྱ་མཚོ་ལགས།
རང་ལུས་མེར་བསྲེགས་ཀྱི་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ངོ་རྒོལ་གནང་མཁན་གྲྭ་ཚུལ་ཁྲིམས་རྒྱ་མཚོ་ལགས།

ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༡༩ ཉིན་གྱི་བོད་ནང་ཉིན་གུང་ཆུ་ཚོད་ ༢ དང་ཕྱེད་ཀ་ཡས་མས་སུ།  རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱི་ས་ཁོངས་ལྟར་བྱས་ན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་ཨ་མཆོག་གྲོང་བརྡལ་དུ། ཨ་མཆོག་དགོན་ཆེན་གྱི་གྲྭ་བ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས། རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ངོ་རྒོལ་གྱིས་སྐུ་གྲོངས་འདུག

 

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། བོད་མདོ་སྨད་ཀན་ལྷོ་བསང་ཆུ་རྫོང་ཨ་མཆོག་གྲོང་བརྡལ་དུ།  དེ་རིང་ཉིན་གུང་ཆུ་ཚོད་ ༢ དང་ཕྱེད་ཡས་མས་སུ་ཨ་མཆོག་དགོན་ཆེན་གྱི་གྲྭ་བ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས།   བོད་བསྟན་པ་ཆབ་སྲིད་ཀྱི་སླད་དུ་རང་ལུས་མེར་བསྲེག་གནང་སྟེ་སྐུ་གྲོངས་ཡོད་པ་དང་། ས་གནས་སེར་སྐྱ་མང་ཚོགས་ཀྱིས་ཁོང་གི་སྐུ་ཕུང་ཨ་མཆོག་དཔོན་པར་གདན་འདྲེན་ཞུས་ཐོག  གྲྭ་བ་བཞི་བརྒྱ་ལྷག་གིས་མཆོད་འབུལ་དང་བསྔོ་བ་སྨོན་ལ་སོགས་གསུངས་ཡོད་འདུག

 
རྒྱལ་གཅེས་དཔའ་བོ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་༼མིག་ཆུ་གསེར་གྱི་ཐིག་པ༽ཞེས་པའི་ཞལ་ཆེམས་ཡི་གེ་ཞིག་བཞག་ཡོད་པའི་ནང་། ཨེ་མ། མིག་ཆུ། སྙིང་སྡུག ཨ་ཇོ་ལགས། ཁྱེད་ཀྱིས་གསན་ནམ། ཁྱེད་ཀྱིས་མཐོང་ངམ། ཁྱེད་ཀྱིས་ཐོས་སམ། བོད་མི་ས་ཡ་དྲུག་གི་སྡུག་བསྔལ་འདི་སུ་ལ་ཞུ། རྒྱ་ནག་གཔོའི་ཁྲིམས་ཁ་བཙན་པོས། ། གསེར་དངུལ་གྱི་བང་མཛོད་ཁྱེར་ཐལ། ། འབར་མི་སེར་སྡུག་ལ་སྦྱར་གི ། འདི་བསམ་ན་མིག་ཆུ་ལྷུང་གི། རང་ལུས་རིན་ཆེན་མེ་ལ་སྲེག་པའི་མཐུས། རྒྱལ་བ་བསྟན་འཛིན་རང་ཡུལ་ལ་ཕེབས་རྒྱུའི་ཆེད་དང་། པཎ་ཆེན་སྣང་བ་མཐའ་ཡས་བཙོན་གྲོལ་གྲོལ་ཐོབ་པའི་ཆེད། བོད་མི་ས་ཡ་དྲུག་གི་བདེ་སྡུག་གི་ཆེད་དུ་རང་ལུས་མེ་མཆོད་བཏང་བ་ཡིན། ཞེས་བཀོད་ཡོད་པ་མ་ཟད། བོད་མི་སྤུན་ཟླ་ཡོངས་ཀྱི་མཐུན་སྒྲིལ་བྱེད་དགོས་པར་སྐུལ་མ་དང་། ཁམས་གསུམ་སེམས་ཅན་ཐམས་ཅད་ཐར་བ་བྱང་ཆུབ་ཀྱི་ལམ་སྣེ་ཟིན་པར་ཐུགས་སྨོན་བཅས་གནང་ཡོད་པ་རེད།

ཨ་མཆོག་གྲོང་བརྡལ་དུ་མེ་རུ་འབར་བཞིན་གྲྭ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱི་སྐུ་ཕུང་།
ཨ་མཆོག་གྲོང་བརྡལ་དུ་མེ་རུ་འབར་བཞིན་གྲྭ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱི་སྐུ་ཕུང་།

རང་ལུས་མེར་བསྲེགས་ཀྱིས་སྐུ་གྲོངས་མཁན་གྲྭ་ཚུལ་ཁྲིམས་རྒྱ་མཚོ་ལགས་ནི།  ཨ་མཆོག་དགོན་པའི་རྒྱུད་པ་གྲྭ་ཚང་གི་གྲྭ་བ་ཡིན་ལ།  ད་ལྟ་དགུང་ལོ་ ༤༡ ནས་ ༤༢ བར་ཡིན་འདུག ཁོང་གི་མའི་མིང་ལ་ལྷ་མོ་སྐྱིད་ཟེར་བ་དང་། ཕ་སྔ་ནས་འདས་གྲོངས་ཕྱིན་ཟིན་པ་ཞིག་ཡིན་འདུག  གྲྭ་ཚུལ་ཁྲིམས་རྒྱ་མཚོ་ལགས་ནི་བོད་རང་གི་ཆོས་དང་རིག་གཞུང་ལ་ཧ་ཅང་དགའ་ཞེན་ཅན་ཞིག་ཡིན་ལ།   དགོན་པའི་ནང་ཆོས་སྤྱོད་ཀྱི་ཆོ་ག་ཆོས་ཚུལ་དང་འདོན་བློ་འཛིན་སོགས་ཡག་པོ་ཡོད་པ་མ་ཟད།   གཅོད་ཀྱི་གདམས་པ་ཟབ་མོའི་བྱིན་མཐུ་དང་ཉམས་ལེན་སྒོམ་སྒྲུབ་ལ་བརྟེན་ནས་ཆུ་མིག་འགྲིམས་མཁན་གྱི་དགེ་སློང་ཚུལ་ལྡན་ཡིན་པར་བརྟེན།  དགོན་པའི་ནང་གྲྭ་བཙུན་ཚང་མས་གུས་བརྩི་བྱ་ཡུལ་ཞིག་ཏུ་གྱུར་ཡོད་འདུག

 

ད་ལྟའི་ཆར་བོད་ནང་དུ་རྒྱ་གཞུང་གིས་དྲག་གནོན་དབང་སྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ཞི་བའི་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་མཁན་ ༡༢༤ བྱུང་ཡོད་པ་རེད། ཡིན་ནའང་། རྒྱ་གཞུང་གིས་བོད་ནང་གི་དངོས་ཡོད་སྟངས་ལ་འཁྱོག་བཤད་བྱས་ཐོག  བོད་ནང་མུ་མཐུད་མི་སེར་སྤེལ་བའི་སྲིད་ཇུས་ཤུགས་ཆེ་རུ་གཏོང་བཞིན་ཡོད།