28/09/2020

བོད་མདོ་སྨད་རྔ་བ་རྫོང་དུ་གྲྭ་བློ་བཟང་དཔལ་ལྡན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་འདུག

  •   
  •  
  •  
  •  
  •  
  •  
  •  

ཟླ་འདིའི་ཕྱི་ཚེས་ ༡༦ སྟེ་ཕྱི་ལོ་ ༢༠༠༨ ལོར་རྒྱ་གཞུང་གིས་བོད་མདོ་སྨད་རྔ་བ་རྫོང་དམར་གསོད་དྲག་གནོན་བྱས་ཏེ་ལོ་ ༦ འཁོར་བའི་དུས་དྲན་གྱི་ཉིན་མོར། རྔ་བ་ཀིརྟི་དགོན་པའི་རང་ལོ་ ༢༣ ཉིན་པའི་གྲྭ་བློ་བཟང་དཔལ་ལྡན་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་ཞི་བའི་ངོ་རྒོལ་གནང་ཡོད་པ་རེད། ཁོང་ནི་བོད་ནང་རང་ལུས་མེར་བསྲེགས་མཁན་ ༡༢༨ པ་དེ་ཆགས་ཡོད་པ་རེད།

རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གནང་མཁན་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་དཔལ་ལྡན་ལགས།
རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གནང་མཁན་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་དཔལ་ལྡན་ལགས།

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་༢༠༡༤ ཟླ་༣ ཚེས་༡༦ ཉིན་གྱི་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༡༡་༤༠ ཙམ་ལ་བོད་མདོ་སྨད་རྔ་པ་ཀིརྟི་དགོན་གྱི་གྲྭ་བློ་བཟང་དཔལ་ལྡན། རང་ལོ་༢༣ ཡིན་པ་ཁོང་གིས་རྒྱ་ནག་གཞུང་གིས་བོད་ཐོག་བཟུང་བའི་དྲག་གནོན་དབང་སྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གྱིས། བོད་མདོ་སྨད་རྔ་བ་རྫོང་གི་དཔའ་བོའི་སྲང་ལམ་དུ་ལུས་ལ་ས་སྣུམ་བྱུགས་ནས་མེར་བསྒྲོན་ཏེ། མེ་ལྕེ་དམར་པོའི་ཁྲོད་སྐད་འབོད་གནང་བཞིན་༼འབོད་ཚིག་གི་ནང་དོན་ཤེས་རྟོགས་མ་བྱུང་།༽གོམ་པ་འགར་ཕེབས་ཡོད་ཀྱང་། དེ་མ་ཐག་རྒྱ་གཞུང་གིས་དུས་རྒྱུན་རྔ་པ་རྫོང་མཁར་དུ་འགྲེམས་འཇོག་བྱས་ཡོད་པའི་དམིགས་བསལ་ཉེན་རྟོག་པ་སོགས་འབོར་ཆེན་སླེབས་ནས། ལུས་སྟེང་གི་མེ་བསད་རྗེས་རླངས་འཁོར་ཆུང་བ་སྒམ་ཤིང་ཅན་ཞིག་གི་ནང་བཙན་ཁྲིད་ཀྱིས་འབར་ཁམས་ལ་ཁྱེར་ཡོད་འདུག ཡིན་ནའང་། ཁོང་གི་ཤི་གསོན་གནས་སྟངས་སོགས་གང་ཡང་ཤེས་རྟོགས་མི་ཐུབ་པར་གྱུར་ཡོད་པ་རེད།

གྲྭ་བློ་བཟང་དཔལ་ལྡན་གྱིས་བཞག་པའི་ཞལ་ཆེམས་ཡི་གེ་ནང་དུ། མ་དང་པ་ལ་འབྲེལ་བའི་ཕུ་ནུ་མིང་སྲིང་རྣམས་ལ་བརྗོད་འདོད་པ་ནི། མི་རིགས་ཕན་ཚུན་བར་ལ་མཐུན་སྒྲིལ་དང་ལྷག་བསམ་གཙང་མས་བྱས་སྒྲུབ་ན་འགྲིག་མོད། གཞན་ལ་ལྷག་བསམ་དཀར་ན་རྒྱལ་ཁ་ཡིན་པ་སྨྲ་མི་དགོས་པ་རེད་མོད། དེ་བཞིན་དུ་བྱ་བ་གང་ཞིག་སྒྲུབ་ན་ཡང་། གླེན་རྟགས་མི་བྱེད་པར་བསམ་གཞིགས་གཏོང་རྒྱུ་ནི་གལ་ཆེ་འདུག སློབ་མ་ཡིན་ན་སློབ་སྦྱོང་དོན་འོངས་བ་ཞིག་དང་། ཕ་མ་ཡིན་ན་བུ་ལ་སློབ་གསོ་ཐོངས་བ་ཞིག་དང་། ཚོང་བ་ཡིན་ན་རང་གཞན་གཉིས་ཕན་ཞིག་དང་། རོང་འབྲོག་གང་ཡིན་རུང་ཕ་མ་བདག་སྐྱོང་བྱེད་པ་ཞིག་དགོས། དེ་བཞིན་དུ་འཛམ་གླིང་སྤྱི་དང་ལྷག་པར་དུ་རྒྱ་མི། ཁྱིམ་མཚེས་ཕན་ཚུན་ལ་མཐུན་སྒྲིལ་ངེས་པར་བྱེད་དགོས།

གྲྭ་བློ་བཟང་དཔལ་ལྡན་ལགས་ཀྱི་ཞལ་ཆེམས་ཡི་གེ
གྲྭ་བློ་བཟང་དཔལ་ལྡན་ལགས་ཀྱི་ཞལ་ཆེམས་ཡི་གེ

རྒྱུ་མཚན་ནི་ཕན་ཚུན་ལ་མཐུན་སྒྲིལ་དང་བརྩེ་བ་ཆེན་པོ་ཡོད་ན། འུ་ཚོའི་བསམ་ཚུལ་ཅི་ཞིག་ཡོད་ན་ཡང་། བཤད་ན་བཤད་ས་འགྲོ་བ་ཞིག་དང་། རྒྱུགས་ན་རྒྱུགས་ས་ཡོད་པ་ཞིག་མ་ཡིན་ནམ། འོ། ངས་ཁྱེད་ཚོ་ལ་བཤད་རྒྱུ་ཞིག་ལ་ནམ་རྒྱུན་སྤྱི་ཕན་དང་སྒེར་ཕན་གཉིས་སོ་སོར་ངོས་ཟིན་ནས། བྱ་བ་གང་ཞིག་སྒྲུབ་ཡང་སྤྱི་ཕན་དང་མཐུན་སྒྲིལ་གྱི་སྒོ་ནས་བྱ་བ་སྒྲུབ་ན་འགྲིག་ཟེར་ནས་ནམ་ཡང་བཤད་རྒྱུ་ཡོང་ངོ་། རྒྱུ་མཚན་བདེ་སྐྱིད་ཀྱི་རྩ་བ་ནི་སྤྱི་ཕན་དང་མཐུན་སྒྲིལ་ཡིན། ཨ་མ་དང་ཨ་ཕྱི། ཨ་ནེ། ཨ་ཞང་། སུ་མོ། མག་པ་རྣམས་དང་། ད་དུང་ང་ལ་འབྲེལ་བ་ཡོད་པའི་ཕུ་བོ། ནུ་བོ། ཨ་ཅེ། ནུ་མོ། ང་ལ་བརྩེ་བའི་སྐྱོང་མཁན་དགེ་རྒན་དང་སློབ་གྲོགས་རྣམས་ལ། བྱ་བ་ལམ་འགྲོ་འོང་བའི་སྨོན་ལམ་དང་གང་བསམ་སྤྱི་ཕན་ཡིན་པར་རེ་བ་ཆེ། ངའི་ཨ་མ་ལགས་ཁྱེད་ཀྱིས་བྱམས་བརྩེས་ང་ཚོ་བསྐྱངས་ནས་ཡོང་། ཁྱེད་ཀྱི་རྔུལ་ཁྲག་གི་ཁྲོད་ནས་ང་ཚོའི་ལང་ཚོ་དར། ཁྱེད་ཀྱི་ལག་ཁུག་ནས་ང་ཚོར་སྤྲོ་སྣ་སྦྱིན། ཁྱེད་ཀྱིས་ང་ཚོར་སྦྱིན་པ་མང་པོ་བྱས་འདུག ཁྱེད་ཀྱིས་བྱམས་བརྩེས་ང་ཚོར་དཀའ་ངལ་མེད་བྱུང། ཡོད་ཚད་ཁྱེད་ཀྱིས་བསྐྱངས་བ་བཀའ་དྲིན་ཆེ། ཨ་མ་བཀའ་དྲིན་ཆེ། ངོ་མ་ཁྱེད་ལ་བཤད་ན་བཤད་མི་འཆག་པ་ཡོད་མོད་ད་དེ་ཙམ་བྱེད། ཅེས་སོགས་འཁོད་འདུག

རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གནང་མཁན་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་དཔལ་ལྡན་ལགས།
རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གནང་མཁན་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་དཔལ་ལྡན་ལགས།

རྔ་པ་ཀིརྟི་དགོན་གྱི་གྲྭ་བློ་བཟང་དཔལ་ལྡན་ལགས་ནི།
རྔ་བ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རི་ཆེན་གསུམ་པའི་ཨ་ཤེར་ཚང་གི་ཡིན་ཞིང་། མ་མིང་ལ་ནམ་ཁོ་དང་། ཕ་གཡར་གྱི་མིང་ལ་ཤེས་རབ་ཡིན་འདུག མི་ཚང་དེར་རྔ་པ་ཀིརྟི་དགོན་དུ་གྲྭ་པ་སྤུན་གཉིས་ཡོད་པ་ལས་ཆེ་བ་དེ་ཡིན་པ་དང་། ཁོང་ཆུང་དུས་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ནས་ད་ལྟ་འཛིན་གྲྭ་བསྡུས་ཆེན་ལ་སླེབས་ཡོད་འདུག

གྲྭ་བློ་བཟང་དཔལ་ལྡན་ལགས་ཀྱིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་སྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་དེ་བྱུང་མ་ཐག རྔ་བ་རྫོང་མཁར་གྱི་བོད་མིའི་ཟ་ཁང་དང་ཚོང་ཁང་ཚང་མས་སྒོ་བརྒྱབས་ནས། ཁོང་དང་ཁོང་གི་ནང་མིར་གདུང་སེམས་མཉམ་བསྐྱེད་དང་། སྐྱིད་སྡུག་མཉམ་མྱོང་གི་རྣམ་པ་བསྟན་ཡོད་པ་རེད། ད་ལྟའི་ཆར་རྔ་བ་རྫོང་གི་ཁྲོམ་གཞུང་དུ་སྒྲིག་ཆས་གྱོན་པ་དང་མ་གྱོན་པའི་ཉེན་རྟོག་པ་མང་པོ་འགྲེམས་འཇོག་གིས་དམ་བསྒྲགས་བྱེད་མུས་ཡིན་འདུག

གྲྭ་བློ་བཟང་དཔལ་ལྡན་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱི་ཉིན་མོ་དེ་ནི། ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༦ ཉིན་བོད་མདོ་སྨད་རྔ་བ་ནས་རང་དབང་འབོད་སྒྲོག་མཁན་གྱི་བོད་མི་སྐྱ་སེར་རྒན་གཞོན་མང་པོ་རྒྱ་གཞུང་གིས་དམར་གསོད་བཏང་ནས་མི་ལོ་དྲུག་འཁོར་བའི་ཉིན་མོ་ཡིན་པ་རེད། ཧ་ཡ་བའི་དམར་གསོད་དྲག་གནོན་གྱི་དོན་རྐྱེན་དེ་བྱུང་རྗེས། ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༦ ཉིན་རྒྱལ་གཅེས་དཔའ་བོ་བློ་བཟང་ཕུན་ཚོགས་དང་། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༦ ཉིན་རྒྱལ་གཅེས་དཔའ་བོ་བློ་བཟང་ཚུལ་ཁྲིམས། ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༦ ཉིན་རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་ཐོགས་མེད་བཅས་ཀྱིས། བསྟུད་མར་ལོ་སྔ་ཕྱིར་ཉིན་མོ་དེ་དྲན་གསོ་ལྟ་བུར་མེ་དཔུང་ཁྲོད་བོད་ལ་རང་དབང་དགོས་པའི་འབོད་སྒྲ་སྒྲོག་བཞིན་འཇིག་རྟེན་མི་ཡུལ་ལ་ཞལ་གྱེས་ཡོད་པ་ལྟར། ད་ལོ་ཡང་རྒྱལ་གཅེས་དཔའ་བོ་བློ་བཟང་དཔལ་ལྡན་ལགས་ཀྱིས། རྔ་པ་རྫོང་གི་དཔའ་བོའི་སྲང་ལམ་ནས་ཚེ་སྲོག་མེ་ལྕེ་ཡིས་རང་དབང་གི་འབོད་བསྒྲགས་ཡོད་པ་རེད།