26/11/2020

བོད་མདོ་སྨད་རྔ་པར་སྔ་ཕྱིར་ཞི་རྒོལ་བ་སྐྱ་སེར་གསུམ་འཇུ་བཟུང་བཙན་འཁྲིད་བྱས་འདུག

  •   
  •  
  •  
  •  
  •  
  •  
  •  
རྒྱ་གཞུང་གིས་འཇུ་བཟུང་བཙན་འཁྲིད་བྱས་པའི་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་འཇམ་དབྱངས་ལགས།
རྒྱ་གཞུང་གིས་འཇུ་བཟུང་བཙན་འཁྲིད་བྱས་པའི་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་འཇམ་དབྱངས་ལགས།

ཉེ་ཆར་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་འཇམ་དབྱངས་དང་། རྔ་པ་སོ་རུ་སྡེ་བའི་འཕྲིན་ལས་དང་བློ་སངས་བཅས་ཀྱིས་རྔ་པ་རྫོང་མཁར་དུ་སྔ་ཕྱིར་ཞི་བའི་སྐད་འབོད་ངོ་རྒོལ་བྱས་པར་བརྟེན་ནསརྒྱ་གཞུང་གིས་འཇུ་བཟུང་བཙན་འཁྲིད་བྱས་ཡོད་པ་དང་། ད་ལྟའི་ཆར་ཁོང་ཚོའི་གནས་སྟངས་ག་འདྲ་ཆགས་ཡོད་མེད་ཀྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༢༣ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་བཞི་པ་ཙམ་ལ། བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་འཇམ་དབྱངས་ལགས་ཀྱིས། ༼བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས།༽ ཞེས་སྐད་འབོད་གནང་བཞིན། རྔ་པ་རྫོང་གི་དཔའ་བོའི་སྲང་ལམ་ནས་རྫོང་མཁར་གཞུང་ལམ་དུ་གོམ་བགྲོད་ཀྱིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་ཡོད་ཀྱང་། དེ་མ་ཐག་དེར་ཡོད་རྒྱ་གཞུང་ཉེན་རྟོག་པ་ཚོས་ཁོང་འཇུ་བཟུང་བཙན་འཁྲིད་བྱས་ཡོད་འདུག དེ་རྗེས་ད་ལྟའི་བར་དུ་ཁོང་གི་གང་དུ་བཀག་ཉར་བྱས་ཡོད་མེད་དང་གནས་ཚུལ་ཅི་བྱུང་སྐོར་གྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

གྲྭ་བློ་བཟང་ལགས་ནི་ད་ལྟ་རང་ལ་ ༡༥ ཡིན་པ་དང་། རྔ་པ་རྨེའུ་རུ་མའི་བ་ཆོས་ཚང་གི་ཕ་ཆོས་འཕེལ་དང་མ་མཚོ་མོ་གཉིས་ཀྱི་བུ་ཡིན་པ་རེད། ཆུང་ཆུང་སྐབས་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཏེ། ད་སྐབས་སྔོན་འགྲོའི་འཛིིན་གྲྭར་སློབ་གཉེར་གནང་བཞིན་ཡོད་འདུག རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱི་མི་སེར་སྤེལ་བའི་དྲག་གནོན་དབང་བསྒྱུར་གྱི་ད་ལྟའི་ས་ཁོངས་ལྟར་བྱས་ན། ཟི་ཁྲོན་ཞིང་ཁོངས་སུ་བཅད་བགོས་བྱས་ཡོད་པའི་རྔ་བ་བོད་རིགས་རང་སྐྱོང་ཁུལ་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་གཉིས་པའི་ཡིན་པ་རེད།

རྒྱ་གཞུང་གིས་འཇུ་བཟུང་བཙན་འཁྲིད་བྱས་པའི་རྔ་པ་སོ་རུ་སྡེ་བའི་འཕྲིན་ལས་དང་བློ་སངས་གཉིས་ཀྱི་པར།
རྒྱ་གཞུང་གིས་འཇུ་བཟུང་བཙན་འཁྲིད་བྱས་པའི་རྔ་པ་སོ་རུ་སྡེ་བའི་འཕྲིན་ལས་དང་བློ་སངས་གཉིས་ཀྱི་པར།

གཞན་ཡང་། ཕྱི་ཟླ་ ༩ ཚེས་ ༡༠ ཉིན་གྱི་བོད་ནང་གི་ཉིན་གུང་ཆུ་ཚོད་ ༡༢ ཙམ་ལ། བོད་མདོ་སྨད་རྔ་པ་རྫོང་སོ་རུ་སྡེ་བའི་ཚུར་རིས་ཚང་གི་བུ་འཕྲིན་ལས་དང་ཚེ་སྟོད་ཚང་གི་བུ་བློ་སངས་གཉིས་ཀྱིས། ༼བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག༽ ཅེས་སྐད་འབོད་གནང་བཞིན། རྔ་པ་རྫོང་མཁར་གྱི་གཞུང་ལམ་དུ་གོམ་བགྲོད་ཀྱིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་སྐབས། རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བཙན་འཁྲིད་བྱས་ཡོད་པ་རེད། དེ་རྗེས་ད་ལྟའི་བར་ཁོང་གཉིས་གང་དུ་བཀག་ཉར་དང་གནས་ཚུལ་ཅི་བྱུང་སྐོར་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད་འདུག

དེ་བཞིན། ཕྱི་ཟླ་ ༩ ཚེས་ ༡༠ ཉིན་ནས་གཞུང་འབྲེལ་གྱི་ལས་ཁུངས་ཁག་ལས་གཞན་པའི་མི་སྒེར་གྱི་དྲ་ལམ་ཡོངས་རྫོགས་བཀག་སྡོམ་བྱས་ཡོད་པ་མ་ཟད། རྫོང་མཁར་གྱི་གཞུང་ལམ་ཁག་ལ་ཉེན་རྟོག་པ་མང་དུ་བཏང་ནས་རྒྱུན་དུ་ལྟ་རྟོག་ནན་མོ་བྱེད་བཞིན་ཡོད་འདུག

Select Language