15/07/2020

བོད་མདོ་སྨད་དམུ་དགེ་ས་ཁུལ་དུ་རྒྱ་གཞུང་གིས་བོད་མིའི་ས་ཆ་བཙན་འཕྲོག་དང་དམ་དྲག

  •   
  •  
  •  
  •  
  •  
  •  
  •  

བོད་མདོ་སྨད་རྔ་བ་ཁུལ་ཟུང་ཆུ་རྫོང་དམུ་དགེ་ས་ཁུལ་དུ་རྒྱ་གཞུང་གིས་ས་གནས་བོད་རིགས་ཞང་འབྲོག་མང་ཚོགས་ཀྱི་ས་ཆ་བཙན་འཕྲོག་བྱས་པར་བརྟེན། ས་གནས་བོད་རིགས་མང་ཚོགས་ཀྱི་འཚོ་བར་དཀའ་ངལ་སྣ་ཚོགས་འཕྲལ་བཞིན་པ་མ་ཟད། དམུ་དགེ་དགོན་པ་གཙོས་ས་གནས་ཞང་གྲོང་ཁག་ནང་ཉེན་རྟོག་ཁང་མང་པོ་གསར་རྒྱག་བྱས་ཏེ་ལྟ་རྟོགས་བཀག་སྡོམ་ཤུགས་ཆེ་རུ་གཏོང་བཞིན་ཡོད་འདུག

sixth
རྒྱ་གཞུང་གིས་དམུ་དགེ་དགོན་གྱི་ཉེ་འདབས་སུ་ཉེན་རྟོག་ཁང་གསར་རྒྱག་བྱེད་བཞིན་པ།

འདི་ག་ལྟེ་གནས་ཁང་དུ་གནས་ཚུལ་འབྱོར་གསལ། རྒྱ་གཞུང་གིས་ད་ལྟའི་ཆར་ཟི་ཁྲོན་ཞིང་ཆེན་ཁོངས་སུ་བཅད་བགོས་བྱས་ཡོད་པའི་རྔ་པ་ཁུལ་ཟུང་ཆུ་རྫོང་གི་དམུ་དགེ་ནོར་བ་ཞེས་པའི་འབྲོག་སྡེ་ཡི་སྟོན་ཁ་རུ་བ་འབབ་སའི་ས་ཆ་དེ་ལོ་སྔོན་མར་རྒྱ་གཞུང་གིས་བཙན་འཕྲོག་བྱས་ཡོད་པ་དང་། ས་ཆ་དེ་བཙན་འཕྲོག་གི་ཐད་ནས་རྒྱ་གཞུང་གིས་ས་གནས་མང་ཚོགས་ལ་གྲོས་བསྡུར་དང་ཀུན་གསབ་གང་ཡང་སྤྲད་མེད་པ་མ་ཟད། ཐ་ན་ལས་གཞི་ག་རེ་ཆེད་དུ་ས་ཆ་འཕྲོག་གི་ཡོད་མེད་ཀྱི་གསལ་བཤད་ཙམ་ཡང་བྱས་མེད་པ་རེད། དེ་བཞིན། ཆུ་མཛོད་གློག་ཁང་རྒྱག་དགོས་པར་ཁ་གཡར་ཏེ་དམུ་དགེ་ས་ཁུལ་གྱི་རོང་སྡེ་ཨ་ཆུ་སྡེ་བའི་ཞིང་ས་ཆ་ཚང་དང་། ཨ་རྔང་སྡེ་བ་དང་ཨ་མགོན་སྡེ་བ་གཉིས་ཀྱི་ཞིང་ས་མང་པོ་ཞིག་བཅས་བཙན་འཕྲོག་བྱས་ཡོད་སྟབས། དམུ་དགེ་ས་ཁུལ་གྱི་རོང་འབྲོག་སྡེ་ཁག་གི་མང་ཚོགས་ཀྱི་འཚོ་བའི་ཐད་དཀའ་ངལ་སྣ་ཚོགས་འཕྲད་བཞིན་ཡོད་འདུག
གཞན་ཡང་། རྒྱ་གཞུང་གིས་དམུ་དགེ་དགོན་པའི་ཉེ་འདབས་སུ་ཉེན་རྟོག་ཁང་ཞིག་གསར་རྒྱག་བྱེད་བཞིན་པ་མ་ཟད། དམུ་དགེ་ས་ཁུལ་གྱི་ཞང་གྲོང་ཁག་ནང་ཉེན་རྟོག་ཁང་ཇེ་མང་དུ་གཏོང་བཞིན་ཡོད་པ་རེད། དེ་སྔོན་དམུ་དགེ་ས་ཁུལ་གྱི་ཞང་གྲོང་གསུམ་ནང་ཉེན་རྟོག་ཁང་གཉིས་ལས་མེད་ཀྱང་། ད་ལྟ་ཞང་གྲོང་གཅིག་རེའི་ནང་དུ་ཉེན་རྟོག་ཁང་གཉིས་གསུམ་རེ་གསར་རྒྱག་བྱས་ཡོད་པ་མ་ཟད། ཉེན་རྟོག་དམག་མིའི་གྲངས་འབོར་ཡང་ལྡབ་འགྱུར་གྱིས་མང་དུ་བཏང་སྟེ། ས་ཁུལ་སོ་སོའི་ནང་སྔར་ལྷག་པར་ཉེན་རྟོག་པའི་ལྟ་རྟོག་བཀག་སྡོམ་བྱེད་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད།

fifth
དམུ་སྨད་ཀྱི་སྔོ་ཐར་ཆུ་མདོ་རུ་རི་བོར་ཕུགས་ལམ་བརྟོལ་བཞིན་པ།
དེ་མིན། རྒྱ་གཞུང་གིས་ཉེ་བའི་ལོ་འགའི་སྔོན་ནས་བཟུང་དམུ་དགེ་སྨད་ཀྱི་སྔོ་ཐེར་ཆུ་མདོ་ཁའི་རི་བོར་ཁུང་བུ་བརྟོལ་ཏེ་ཕུགས་ལམ་བརྐོ་བཞིན་ཡོད་པ་དང་། ས་གནས་མང་ཚོགས་ཀྱིས་ཕུགས་ལམ་དེ་བརྐོ་དོན་ག་རེ་ཡིན་མིན་ཤེས་རྟོགས་བྱུང་མེད་པ་མ་ཟད། རང་བྱུང་ཁོར་ཡུག་ལ་གནོན་སྐྱོན་ཚབས་ཆེན་ཐེབས་རྒྱུར་སེམས་འཚབ་ཆེན་པོ་གནང་གི་ཡོད་འདུག
མདོ་སྨད་རྔ་པ་ཁུལ་ཟུང་ཆུ་རྫོང་ནི་རྒྱ་གཞུང་གིས་ ༢༠༠༩ ལོར་ལས་འཆར་མགོ་འཛུགས་བྱས་ཡོད་པའི་ཁྲིན་ཏུའུ་ནས་ལན་ཀྲུག་བར་གྱི་ཁྲིན་ལན་ལྕགས་ལམ་གྱི་ལམ་ཐིག་ལ་ཁེལ་ཡུལ་གཙོ་བོ་ཞིག་ཆགས་ཡོད་པ་རེད། ཁྲིན་ལན་ལྕགས་ལམ་ནི་ཟི་ཁྲོན་དང་ཀན་སུའུ། མཚོ་སྔོན། བོད་རང་སྐྱོང་ལྗོངས་བཅས་བོད་ཀྱི་ས་ཁུལ་ཁག་ནང་ལྕགས་ལམ་དྲ་བ་འཛུགས་བསྐྲུན་གྱི་འཆར་གཞིའི་ཁྲོད་ཀྱི་ལམ་ཐིག་གལ་ཆེ་ཤོས་ཤིག་ཆགས་ཡོད་པ་དང་། ལྕགས་ལམ་དེའི་རིང་ཚད་ལ་སྤྱི་ལེ་ ༤༥༧་༥༩༢ ཡོད་ལ། སྤྱིའི་འགྲོ་གྲོན་མ་དངུལ་རྒྱ་སྒོར་དུང་ཕྱུར་ ༦༡༩་༣༩ ཡིན་པ་རེད། ཁྲོན་ལན་ལྕགས་ལམ་གྱི་སྤྱི་ལེ་རེའི་རིང་ཚད་ཀྱི་མ་དངུལ་འགྲོ་གྲོན་ནི། ན་གོར་མོ་ནས་ལྷ་ས་བར་གྱི་ལྕགས་ལམ་གྱི་སྤྱི་ལེ་རེའི་འགྲོ་གྲོན་གྱི་ལྡབ་ ༥ ལྷག་ཡིན་འདུག
ཁྲོན་ལན་ལྕགས་ལམ་དེ་འཛུགས་བསྐྲུན་སྐབས་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ས་ཁུལ་ ༨ བརྒྱུད་དགོས་ཀྱི་ཡོད་ལ། ལྷག་པར་དུ་བོད་ཁུལ་གྱི་རི་སྐྱེས་སྲོག་ཆགས་ཆེས་དཀོན་ཤོས་དོམ་ཁྲ་དང་སྤྲེའུ་གསེར་མདོག དོམ་ནག་སོགས་གནས་ཡུལ་ཆགས་ཡོད་ལ། ཁྲོན་ལན་ལྕགས་ལམ་རང་བྱུང་སྲུང་སྐྱོབ་ས་ཁུལ་དེའི་བརྒྱུད་སྐབས་ལམ་ཐག་གི་བརྒྱ་ཆའི་ ༩༠ ཡན་རི་བོར་ཁུང་བུ་བརྟོལ་ཏེ་ཕུགས་ལམ་བཟོ་དགོས་ཀྱི་ཡོད་སྟབས། ལྕགས་ལམ་དེས་བོད་ཁུལ་གྱི་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེན་ཐེབས་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག
རྒྱ་གཞུང་གིས་ས་གནས་མང་ཚོགས་ཀྱི་འདོད་མོས་ཡོད་མེད་ཐད་གྲོས་བསྡུར་དང་། མང་ཚོགས་ཀྱི་ལག་ནས་ས་ཆ་འཕྲོག་ལེན་བྱས་པར་ཚུལ་མཐུན་གྱི་ཀུན་གསབ་སོགས་མ་སྤྲད་པར། གཞུང་གི་དབང་ཤུགས་ཁོ་ནར་བརྟེན་ནས་མང་ཚོགས་ཀྱི་འཚོ་གནས་ཁེ་དབང་ལ་རྡོག་རོལ་དང་། འཛམ་གླིང་སྟེང་ཆེས་དཀོན་པའི་དོམ་ཁྲའི་གནས་ཡུལ་བོད་ཀྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་གནས་བབ་ལ་གཙུག་འཛིན་མ་བྱས་པར། བོད་ནང་གི་གཏེར་ཁ་བསྔོག་འདྲེན་དང་བོད་ནང་རྒྱ་མི་མང་པོ་གནས་སྤོར་སོགས། དཔལ་འབྱོར་དང་ཆབ་སྲིད་ཀྱི་དམིགས་ཡུལ་ཁོ་ན་བཟུང་ནས་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེན་བཟོ་བཞིན་པ་ཞིག་ཆགས་ཡོད།
47294288
ཟི་ཁྲོན་ཁྲིན་ཏུའུ་ནས་ཀན་སུའུ་ལན་ཀྲུག་བར་གྱི་ལྕགས་ལམ་གསར་རྒྱག་གི་ལམ་ཐིག