16/12/2019

བོད་མདོ་ཁམས་སྐྱེ་རྒུ་མདོར་གྲྭ་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་འདུག

  •   
  •  
  •  
  •  
  •  
  •  
  •  

10404232_1015398ཁ་སང་གཟའ་ཕུར་བའི་དགོང་དྲོར་བོད་མདོ་ཁམས་སྒ་སྐྱེ་རྒུ་མདོ་གྲོང་ཁྱེར་དུ་གྲྭ་བསོད་ནསམ་སྟོབས་རྒྱལ་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་ཞི་བའི་ངོ་རྒོལ་གནང་ཡོད་འདུག ད་ལྟའི་ཆར་ཁོང་འདས་གྲོངས་ཕྱིན་ཡོད་མེད་གྱི་གནས་ཚུལ་ཤེས་རྟོགས་ཐུབ་མི་འདུག

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༩ གཟའ་ཕུར་བུའི་ཉིན་རྒྱབ་ཆུ་ཚོད་ ༦ པ་ཡས་མས་ཤིག་ལ། བོད་མདོ་ཁམས་སྒ་སྐྱེ་རྒུ་མདོ་གྲོང་ཁྱེར་གྱི་གེ་སེར་ཐང་ཆེན་དུ་བོད་རིགས་གྲྭ་པ་ཞིག་གིས། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་སྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་ཡོད་འདུག

རང་ལུས་མེར་བསྲེགས་གཏོང་མཁན་གྲྭ་པ་དེའི་མཚན་ལ་བསོད་ནམས་སྟོབས་རྒྱལ་ཟེར་བ་དང་། ད་ལྟ་ཁོང་རང་ལོ་ ༢༦ ཡིན་འདུག ཁོང་གི་ཕ་ཡུལ་ཁམས་ནང་ཆེན་རྫོང་ཁོངས་ནས་ཡིན་པ་དང་། ཕའི་མིང་ལ་ནང་ཆེན་བཀྲ་ཤིས་ཟེར་གྱི་འདུག ཁོང་གིས་དེ་སྔོན་ཁམས་སྡེ་དགེ་རྫོང་གསར་དགོན་དུ་ལོ་བདུན་རིང་སློབ་གཉེར་གནང་མྱོང་ཡོད་འདུག ད་ལྟའི་ཆར་ས་གནས་སུ་དམ་དྲག་ཤུགས་ཆེན་པོ་བྱེད་ཀྱིན་ཡོད་སྟབས། ཁོང་འདས་གྲོང་ཕྱིན་ཡོད་མེད་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད། ཁོང་གིས་རང་ལུས་མེར་བསྲེགས་གཏོང་ཡུལ་ས་གནས་ནི། རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱི་ད་ལྟའི་མི་སེར་སྤེལ་བའི་དབང་སྒྱུར་ས་ཁོངས་ལྟར་བྱས་ན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་རྫོང་གྲོང་ཁྱེར་ཁུལ་དུ་ཡོད་པའི་གེ་སེར་ཐང་ཆེན་ཟེར་བའི་འདུ་ཐང་དེའི་གཡས་ཟུར་ཡིན་འདུག

གྲྭ་བསོད་ནམས་སྟོབས་རྒྱལ་ལགས་ཀྱི་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་དང་འབྲེལ་བའི་པར་རིས་ཁག་ལས་མངོན་ཐུབ་པ་ནི། བོད་རིགས་གྲྭ་པ་དེས་རང་ལུས་མེར་བསྲེགས་བཏང་རྗེས་ཐོག་དང་པོར་ས་གནས་མང་ཚོགས་ཀྱིས་མཐོང་སྟེ། དེ་གར་ཧ་ལམ་མང་ཚོགས་བརྒྱ་སྐོར་ཅིག་འདུ་འཛོམས་བྱུང་ཡོད་པ་གསལ་འདུག གཞན་ཡང་བརྒྱུད་ལམ་ཁག་ཅིག་ཏུ་སྐབས་དེར་ཁོང་སྐུ་གྲོངས་མེད་པར་སྨན་ཁང་དུ་ཁྲིད་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་རེད།

གྲྭ་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་རྗེས། རྒྱ་གཞུང་གིས་དྲག་ཆས་དམག་མི་འགྲེམས་འཇོག་གིས་སྲང་ལམ་དག་ལ་བཀག་སྡོམ་བྱེད་བཞིན་པའི་རྣམ་པ།
གྲྭ་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་རྗེས། རྒྱ་གཞུང་གིས་དྲག་ཆས་དམག་མི་འགྲེམས་འཇོག་གིས་སྲང་ལམ་དག་ལ་བཀག་སྡོམ་བྱེད་བཞིན་པའི་རྣམ་པ།

རྩོ་པ་པོ་འོད་ཟེར་ལགས་ཀྱིས་ངོ་དེབ་སྟེང་བརྗོད་པ་ལྟར་ན། རང་བསྲེགས་གནས་ཚུལ་དེ་བྱུང་མ་ཐག་རྒྱ་གཞུང་གིས་དམིགས་བསལ་དྲག་ཆས་ཉེན་རྟོག་པ་འགྲེམས་འཇོག་གིས་སྐྱེ་རྒུ་མདོ་གྲོང་ཁྱེར་གྱི་སྲང་ལམ་ཕལ་ཆེ་བར་བཀག་སྡོམ་དམ་དྲག་བྱས་ཡོད་འདུག དེར་མ་ཟད། ཉེ་ཆར་མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དང་། ཟི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་ ༡༡ ་དང་། རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་ཁག་འགའ་ཤས་བཅས་སུ། དྲ་རྒྱ་ཡོངས་སུ་བཀག་སྡོམ་བྱས་ཏེ་ད་ལྟའི་བར་དུས་ཡུན་ཟླ་ཕྱེད་ཙམ་རིང་ཕྱིན་ཡོད་པ་དང་། ད་ལྟའི་ཆར་ས་ཁུལ་དེ་དག་ནང་བྱུང་བཞིན་པའི་གནས་ཚུལ་རིགས་ཤེས་རྟོགས་ཐུབ་ཁག་པོ་ཆགས་ཡོད་འདུག

ཁ་སང་གཟའ་ཕུར་བའི་ཉིན་ཁམས་སྐྱེ་རྒུ་མདོར་རང་ལུས་མེར་བསྲེགས་གནང་མཁན་གྲྭ་བསོད་རྣམས་སྟོབས་རྒྱལ་ལགས་ནི། ཕྱི་ལོ་ ༢༠༠༩ ལོར་བོད་ནང་གྲྭ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་སྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ཞི་བའི་ངོ་རྒོལ་གནང་བ་ནས་བཟུང་། ད་ལྟའི་བར་བོད་ནང་རང་ལུས་མེར་བསྲེགས་ཀྱིས་ཞི་བའི་ངོ་རྒོལ་གནང་མཁན་གྲངས་ ༡༤༡ པ་དང་།  དེ་བཞིན། ཕྱི་ལོ་ ༢༠༡༥ ལོར་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་ ༦ པ་དེ་ཆགས་ཡོད།

འདི་ག་ལྟེ་གནས་ཁང་གི་ངོས་ནས་བོད་ནང་རང་ལུས་མེར་བསྲེགས་མཚམས་མ་ཆད་པར་མུ་མཐུད་འབྱུང་བཞིན་པའི་གནས་སྟངས་ཐད་བློ་འཚབ་དྲགས་པོ་བྱེད་བཞིན་ཡོད། བོད་ནང་མུ་མཐུད་རང་ལུས་མེར་བསྲེགས་འབྱུང་བཞིན་པའི་གཞི་རྩ་ནི། རྒྱ་གཞུང་གིས་བོད་ནང་མི་སེར་སྤེལ་བའི་དྲག་གནོན་དབང་སྒྱུར་སྲིད་ལ་བརྟེན་ནས་འབྱུང་གིན་ཡོད། དེ་བཞིན། བོད་ནང་རང་ལུས་མེར་བསྲེགས་གནས་ཚུལ་མཚམས་འཇོག་ཡོང་བའི་ཐབས་ལམ་གཅིག་པུ་ནི། རྒྱ་གཞུང་གིས་བོད་ནང་ལག་བསྟར་བཞིན་པའི་དྲག་གནོན་དབང་བསྒྱུར་གྱི་སྲིད་ཇུས་དེ་དག་མཚམས་འཇོག་བྱ་རྒྱུ་དེ་རེད། དེར་བརྟེན། འདི་ག་ལྟེ་གནས་ཁང་གིས་ངོས་ནས་རྒྱ་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་པོའི་སྲིད་ཇུས་དེ་དག་འཕྲད་དུ་མཚམས་འཇོག་དགོས་པ་ནན་བརྗོད་བྱེད་ཀྱིན་ཡོད།

རྒྱ་གཞུང་གིས་བོད་ནང་དྲག་པོའི་ཁྲིམས་གཞི་བསྡམ་སྟེ། བོད་མི་རིགས་ཀྱི་རིག་གཞུང་དང་ཆོས་ལུགས། རང་བྱུང་ཁོར་ཡུག འགྲོ་བ་མིའི་ཐོབ་ཐང་བཅས་ཡོངས་སུ་རྫོགས་པ་བརྡལ་བཤིག་བཏང་སྟེ། བོད་མི་རྣམས་ཨ་ཆད་ཨུ་ཐུག་གི་གནས་སུ་དེད་ནས་བོད་མིའི་ཚེ་སྲོག་ཚུན་ཆད་བཙན་འཕྲོག་བྱེད་བཞིན་ཡོད། དེ་ལྟའི་ཛ་དྲག་གི་གནས་སྟངས་འོག་བོད་ནང་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་མུ་མཐུད་བཞིན་པའི་དངོས་ཡོད་གནས་ཚུལ་འདི་ནི། རྒྱ་གཞུང་གིས་གཡོ་སྒྱུ་ཕྲ་གསུམ་གང་གི་སྒོ་ནས་ནས་གཡོལ་ཐབས་མེད་པའི་མིག་མཐོང་ལག་ཟིན་གྱི་དོན་དངོས་གནས་ཚུལ་ཞིག་ཆགས་ཡོད།

ད་དུང་ཧ་ཅང་ཛ་དྲག་གི་གནས་ཚུལ་ཞིག་ལ། རྒྱ་གཞུང་གིས་རང་ལུས་མེར་བསྲེགས་གནང་མཁན་ཚོའི་ནང་མི་གཙོས། ས་གནས་སྡེ་བ་དང་དགོན་པ་བཅས་སྤྱི་ཡོངས་ལ་ནག་ཉེས་བཀལ་ཏེ། བོད་མི་མང་པོར་འདྲི་གཅོད་བཀག་སྡོམ་དང་འཇུ་བཟུང་བཙོན་འཇུག་བྱེད་བཞིན་ཡོད། རྒྱ་གཞུང་གི་བྱ་སྤྱོད་དེ་རིགས་ནི་རྒྱལ་སྤྱི་དང་རྒྱ་ནག་རང་ཉིད་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་གང་གི་ངོས་ཐད་ནས་བཤད་ནའང་། ཁྲིམས་མེད་ལུགས་མེད་ཀྱི་སྤྱོད་ཚུལ་འབའ་ཞིག་ཆགས་ཡོད།

དེར་བརྟེན། འདི་ག་ལྟེ་གནས་ཁང་གི་ངོས་ནས། རྒྱ་གཞུང་གིས་སྐྱེ་རྒུ་མདོར་གྲོང་ཁྱེར་དུ་རང་ལུས་མེར་བསྲེགས་གནང་མཁན་གྲྭ་བསོད་ནམས་སྟོབས་རྒྱལ་ལགས་ལ། དགོས་ངེས་ཀྱི་སྨན་བཅོས་མཐུན་འགྱུར་སྤྲོད་དགོས་པ་མ་ཟད། དཔང་རྟགས་ཁ་གསལ་གང་ཡང་མེད་པའི་སྒོ་ནས་ཁོང་གི་ནང་མི་ཉེ་འབྲེལ་ཚོར་དོགས་སློང་ཉེས་འཛུགས་བྱས་ཏེ། གང་བྱུང་འདྲི་གཅོད་བཀག་ཉར་དང་འཇུ་བཟུང་བྱེད་པ་སོགས། ཁྲིམས་འགལ་གྱི་བྱ་སྤྱོད་རིགས་ལག་བསྟར་བྱ་རྒྱུ་མཚམས་འཇོག་པའི་ནན་བརྗོད་བྱེད་བཞིན།