25/02/2021

བོད་ནང་དུ་ “རྒྱལ་ཁབ་ཁ་བྲལ་” དང་”རྒྱལ་ཁབ་གཅིག་གྱུར་ལ་གཏོར་བརླག་”ཟེར་བ་དམིགས་འབེན་དུ་བཟུང་ནས་རྒྱ་གཞུང་གིས་སྤྱི་ཚོགས་བརྒྱུད་ལམ་དུ་ཞུགས་མཁན་ཚོར་རྡུང་རྡེག་ཚ་ནན་གཏོང་རྒྱུ་ཡིན་ཟེར། 

  •   
  •  
  •  
  •  
  •  
  •  
  •  

ཕྱི་ལོ་༢༠༢༠ ཟླ་༡༡ ཚེས་༢༤ ཉིན་བོད་རང་སྐྱོང་ལྗོངས་ནང་སླར་ཡང་རྒྱ་གཞུང་གི་དྲ་རྒྱའི་སྲིད་ཇུས་སྤེལ་ཏེ། དྲ་ལམ་དུ་ “རྒྱལ་ཁབ་ཁ་བྲལ་” དང་ “རྒྱལ་ཁབ་གཅིག་གྱུར་ལ་གཏོར་བརླག་” གཏོང་བའི་ཁྲིམས་འགལ་ཉེས་གསོག་གི་བྱེད་སྒོ་སྤེལ་མཁན་མི་སྒེར་ལ་རྡུང་རྡེག་ཚ་ནན་གཏོང་རྒྱུ་ཡིན་ལུགས་བཤད་ཅིང་། བརྡ་ཁྱབ་དེ་ནི་འདི་ལོའི་ཕྱི་ཟླ་༡༢ བའི་ཚེས་༢༤ ཉིན་ཡོངས་བསྒྲགས་བྱས་འདུག མཉེན་ཆས་(VPN)སྤྱོད་པ་དང་སྤྱོ་ཚོགས་བརྒྱུད་ལམ་གྱི་གྲོགས་ཚོམས་ནང་བགྲོ་གླེང་བྱེད་པ་སོགས་ཚང་མ་ཁྲིམས་འགལ་ཉེས་གསོག་གི་ངོ་བོར་བསྒྱུར་བ་དང་། བརྡ་ཁྱབ་དེའི་ནང་དུ་རྒྱ་གཞུང་གིས་ཁྲིམས་འགལ་ཉེས་གསོག་ལ་ “ཁྲིམས་ལྟར་” “རྡུང་རྡེག་ཚ་ནན་” གཏོང་རྒྱུ་ཡིན་ཟེར།
ཕྱི་ལོ་༢༠༡༩ ཟླ་༢ བའི་ནང་ཐེངས་འདིའི་བརྡ་ཁྱབ་གཅིག་མཚུངས་ཤིག་བསྒྲགས་ཏེ། དྲ་ལམ་ནས་ “གནས་ཚུལ་འཚོལ་བསྡུ་དང་སྒྲིག་བཟོ། ཕབ་ལེན། གསོག་ཉར། ཁྱབ་སྤེལ། བརྒྱུད་བསྐུར། ཏང་དང་སྲིད་གཞུང་། སྤྱི་ཚོགས་རིང་ལུགས་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས། ཏང་དང་སྲིད་གཞུང་གི་བོད་སྐྱོང་སྲིད་ཇུས་བཅས་ལ་སྐྱོན་བརྗོད་རིགས་མང་ཚོགས་ནང་དྲིལ་བསྒྲགས་བྱེད་རིགས་ཚང་མ་ཁྲིམས་འགལ་ཉེས་གསོག་གི་ངོ་བོར་བསྒྱུར་” འདུག ཕྱི་ལོ་༢༠༡༩ ལོའི་བརྡ་ཁྱབ་ཀྱི་ནང་དུ་ད་དུང་ཁྲིམས་འགལ་ཉེས་གསོག་ཆ་འཕྲིན་གྱི་ཁུངས་སྣེ་ཐེར་འདོན་བྱས་ན་བྱ་དགའ་མཐོ་ཤོས་རྒྱ་སྒོར་༣༠༠༠༠༠ སྤྲོད་རྒྱུ་ཡིན་ལུགས་བཤད་ཅིང་། ཕྱི་ལོ་༢༠༡༩ ལོར་ཐད་ཀར་བོད་རང་སྐྱོང་ལྗོངས་སྤྱི་བདེ་ལས་ཁུངས་ནས་ཀྱང་བརྡ་ཁྱབ་དེ་གཅིག་མཚུངས་སྤེལ་འདུག
སྤྱི་ཚོགས་བརྒྱུད་ལམ་བཀག་སྡོམ་གྱི་ལས་འགུལ་འདི་ནི་བོད་རང་སྐྱོང་ལྗོངས་གཅིག་པུ་ཙམ་མིན་པར་བོད་ས་ཡོངས་སུ་ལག་བསྟར་བྱས་ཤིང་། མཚོ་སྔོན་ཞིང་ཆེན་ནང་རྒྱ་ནག་ས་གནས་སྲིད་གཞུང་གིས་དྲ་ལམ་དུ་ཁྲིམས་འགལ་ཉེས་གསོག་གི་ཆ་འཕྲིན་སྤེལ་མཁན་ལ་མི་ལོ་༨ ཀྱི་ཁྲིམས་ཐག་གཅོད་རྒྱུ་ཡིན་ལུགས་བསྒྲགས་ཡོད་པ་རེད། ཕྱི་ལོ་༢༠༡༧ ལོར་ཀན་སུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་དྲ་བའི་ཉེན་རྟོག་པས་དྲ་རྒྱ་སྤྱོད་མཁན་དང་། ལྷག་པར་དུ་སྤྱི་ཚོགས་བརྒྱུད་ལམ་གྱི་གྲོགས་ཚོམས་ཀྱི་ཚོགས་གཙོ་དང་དྲ་རྒྱ་གཉེར་མཁན་ཚོར་དྲ་ལམ་ཞིབ་བཤེར་གྱི་སྒྲིག་ཁྲིམས་བཙན་འགེལ་བྱས་ཡོད།

བོད་རང་སྐྱོང་ལྗོངས་ཀྱི་ཆ་འཕྲིན་དང་དྲ་རྒྱ་སྤྱད་དེ་རྒྱལ་ཁབ་ཁ་ཕྲལ་གཏོང་བ་དང་རྒྱལ་ཁབ་གཅིག་གྱུར་ལ་གཏོར་བཤིག་གཏོང་བའི་བྱེད་སྒོ་སྤེལ་མི་ཆོག་པའི་སྐོར་གྱི་བརྡ་ཁྱབ།

ཁྲིམས་བཞིན་དྲ་རྒྱ་བཅོས་སྐྱོང་བྱེད་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཆ་འཕྲིན་དང་དྲ་རྒྱར་བརྟེན་ནས་རྒྱལ་ཁབ་ཁ་ཕྲལ་གཏོང་བ་དང་རྒྱལ་ཁབ་ཀྱི་གཅིག་གྱུར་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་ཉེས་གསོག་གི་བྱེད་སྒོར་རྡུང་རྡེག་ཚ་ནན་གཏོང་ཆེད། <<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་བཅའ་ཁྲིམས་>>དང་། <<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་བཅོས་སྐྱོང་དོ་དམ་ཆད་གཅོད་ཀྱི་བཅའ་ཁྲིམས།>><<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས།>><<རྩིས་འཁོར་གྱི་ཆ་འཕྲིན་དང་དྲ་རྒྱའི་རྒྱལ་སྤྱིའི་དྲ་སྦྲེལ་གྱི་བདེ་འཇགས་སྲུང་སྐྱོང་དོ་དམ་བྱ་ཐབས་>>སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་གཞིགས་པ་དང་། <<བོད་རང་སྐྱོང་ལྗོངས་དྲ་རྒྱའི་འཕྲིན་གཏོང་བྱེད་སྒོའི་ “བེད་སྤྱོད་མི་ཆོག་པ་ཉི་ཤུ།” སྐོར་གྱི་བརྡ་ཁྱབ།>>ཀྱི་གཏན་འབེབས་ལྟར་ཆ་འཕྲིན་དང་དྲ་རྒྱར་བརྟེན་ནས་རྒྱལ་ཁབ་ཁ་ཕྲལ་གཏོང་བ་དང་རྒྱལ་ཁབ་གཅིག་གྱུར་ལ་གཏོར་བཤིག་གཏོང་བའི་བྱེད་སྒོ་སྤེལ་མི་ཆོག་པའི་བཀག་སྡོམ་རང་བཞིན་གྱི་བྱེད་སྤྱོད་གཅིག་སྡུད་ཐོག་བརྡ་ཁྱབ་གཏོང་རྒྱུ་གཤམ་གསལ།
གཅིག ལོ་རྒྱུས་ལ་འཁྱོག་བཤད་བྱེད་པ་དང་། རྒྱལ་ཁབ་ཀྱི་འདུ་ཤེས་ཞན་དུ་གཏོང་བ། ཆོས་ལུགས་ཀྱི་ནང་དོན་དང་ཆོས་ལུགས་ཀྱི་བྱེད་སྒོ་སོགས་ལ་ཁ་གཡར་ནས་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ལ་འགོག་རྒོལ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་ངན་སྨད་བྱེད་པ་བཅས་ཀྱི་ཆ་འཕྲིན་གཏོང་བ་དང་བརྒྱུད་སྤེལ་བྱས་མི་ཆོག
གཉིས། ཕྱི་རྒྱལ་དྲིལ་བསྒྲགས་ཀྱི་གནས་ཚུལ་དང་། རྒྱལ་ཁབ་ཁ་ཕྲལ་གཏོང་བའི་ངན་སྐུལ་བྱེད་པ། རྒྱལ་ཁབ་གཅིག་གྱུར་ལ་གཏོར་བཤིག་གཏོང་བ་བཅས་ཀྱི་དྲ་ཚིགས་ལྟ་བ་དང་བཅར་འདྲི་བྱེད་མཁན་ལ་(VPN)ལོགས་དྲ་རྒྱའི་ལག་རྩལ་ཐོག་ནས་རྒྱབ་སྐྱོར་རམ་ཡང་ན་རོགས་རམ་བྱས་མི་ཆོག
གསུམ། རྒྱལ་ཁབ་ཁ་ཕྲལ་གཏོང་བ་དང་། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་གི་བྱེད་སྒོ་སྒྲིག་འཛུགས་དང་། ཇུས་འགོད། ལག་བསྟར་བཅས་བྱེད་པའི་དྲ་རྒྱའི་ཚོགས་པའི་ནང་ཞུགས་མི་ཆོག་པ་དང་། རྒྱལ་ཁབ་ཁ་ཕྲལ་གཏོང་བ་དང་རྒྱལ་ཁབ་གཅིག་གྱུར་ཡོང་བར་གཏོང་བཤིག་གཏོང་བའི་ངན་སྐུལ་གྱི་ཆ་འཕྲིན་བཟོ་བ་དང་། འདྲ་བཤུ། ཀློག་བཤེར། བརྒྱུད་སྤེལ་བཅས་བྱས་མི་ཆོག
བཞི། འཕྲིན་གཏོང་ཡོ་ཆས་དང་སྤྱི་ཚོགས་འབྲེལ་བའི་གླེང་སྟེགས་ཀྱི་མཉེན་ཆས་སོགས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་མཁན་རྩ་འཛུགས་སམ་ཡང་ན་མི་སྣར་འབྲེལ་བ་བྱས་ནས་རྒྱལ་ཁབ་ཁ་ཕྲལ་གཏོང་བ་དང་རྒྱལ་ཁབ་གཅིག་གྱུར་ལ་གཏོར་བཤིག་གཏོང་བའི་བྱེད་སྒོ་སྤེལ་མི་ཆོག
ལྔ། མ་དངུལ་དང་། རྒྱལ་ཁབ་ཀྱི་གསང་བ། གསང་འཕྲིན་སོགས་མཁོ་འདོན་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱེད་སྒོ་སྤེལ་མི་ཆོག
དྲུག རྒྱལ་ཁབ་ཀྱི་བདེ་འཇོགས་ལ་གནོད་འཚེ་གཏོང་མཁན་རྩ་འཛུགས་སམ་ཡང་ན་མི་སྣའི་ལས་འགན་དང་དུ་བླངས་ནས་ཁ་ཕྲལ་གཏོང་བཤིག་གི་བྱེད་སྒོ་སྤེལ་མི་ཆོག
བདུན། རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་རྩ་འཛུགས་སམ་ཡང་ན་མི་སྣར་དྲིལ་བསྒྲགས་དང་དེར་རྒྱབ་སྐྱོར་བྱས་མི་ཆོག
བརྒྱད། དོན་དངོས་ལ་འཁྱོག་བཤད་དང་། དཀྲོག་གཏམ་སྤེལ་བ། ཆ་འཕྲིན་རྫུན་མ་གཏོང་བ་བཅས་བྱས་ནས་མི་རིགས་དབར་གྱི་འབྲེལ་བར་དཀྲུག་ཤིད་རྒྱག་པ་དང་། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ་བཅས་བྱས་མི་ཆོག
དགུ སྤྱི་ཚོགས་ཀྱི་འགལ་བ་སྣ་ཚོགས་བཟོ་བའམ་ཡང་ན་གླེང་མང་བ་དང་ཚོར་སྣང་སྐྱེན་པའི་དོན་རྐྱེན་སྤྱད་དེ་འཁྱོག་བཤད་འུད་སྒྲོག་དང་ཚིག་མཚོན་བཏབ་ནས། ཏང་དང་སྲིད་གཞུང་ལ་དམའ་འབེབས་གཏོང་བ་དང་སྤྱི་ཚོགས་ཀྱི་སྤྱི་བའི་སྒྲིག་ལམ་ཟང་ཟིང་བཟོ་བའི་ངན་སྐུལ་བྱས་མི་ཆོག
བཅུ། བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་འཁོད་པའི་རྒྱལ་ཁབ་ཁ་ཕྲལ་གཏོང་བ་དང་རྒྱལ་ཁབ་གཅིག་གྱུར་ལ་གཏོར་བཤིག་གཏོང་བའི་བྱེད་སྒོ་གཞན་དག་སྤེལ་མི་ཆོག་པ་བཅས་ཡིན།
གོང་གསལ་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་གི་བྱེད་སྒོ་སྤེལ་རིགས་ལ་ཁྲིམས་ལྟར་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ་ཡིན།

ཕྱི་ལོ་༢༠༢༠ ཟླ་༡༡ ཚེས་༢༤ ཉིན།

རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་གཞུང་རང་གི་ཆབ་སྲིད་ལྟ་སྤྱོད་མི་མཐུན་པ་དང་རྒྱལ་ཁབ་ཀྱི་ཆབ་སྲིད་དྲིལ་བསྒྲགས་ཟུར་དུ་འཇོག་པ་བཅས་ལ་ཉེས་ཆད་བཙན་འགེལ་བྱེད་ཐབས་སུ། བཙན་དབང་གི་ཁྲིམས་སྒྲིག་བཟོས་ནས་བོད་མི་ཚོར་ནག་མེད་བསྙོན་འཛུགས་དང་། བོད་ཀྱི་སྲིད་དོན་དང་རིགས་གཞུང་། མི་རིགས་ཀྱི་ངོ་བོ་སོགས་གླེང་སློང་བྱུང་རིགས་ལ་ཉེས་ཆད་བཙན་འགེལ་བྱེད་ཀྱི་ཡོད། གནས་སྟངས་དེ་ནི་འདི་ག་ལྟེ་གནས་ཁང་ནས་ཕྱི་ལོ་༢༠༢༠ ཟླ་༩ བའི་ནང་བཏོན་པའི་<<བོད་ནང་གི་བརྒྱུད་ལམ་ཞིབ་བཤེར་དང་དོགས་ཟོན་མྱུལ་ཞིབ་>>སྐོར་གྱི་དམིགས་བསལ་སྙན་ཐོའི་ནང་གསལ་ཡོད། དྲ་རྒྱའི་བདག་དབང་ཁྱབ་ཆེར་གཏོང་ཆེད། རྒྱ་གཞུང་གིས་གྷོ་གྷལ་དང་ངོ་དེབ། བྱ་སྐད་སོགས་ཆ་འཕྲིན་དང་སྨྲ་བརྗོད་རང་དབང་ལ་འཇུག་པའི་སྤྱི་ཚོགས་བརྒྱུད་ལམ་གྱི་གླེང་སྟེགས་དང་འཚོལ་བཤེར་མ་ལག་མང་པོ་ཁྲིམས་འགལ་བཀག་སྡོམ་བྱས་ཏེ། དེའི་ཚབ་ཏུ་དྲ་རྒྱ་སྟངས་འཛིན་ཡོ་ཆས་ “མེ་གྱང་ཆེན་མོ” གསར་བཟོ་ཡིས། རྒྱ་ནག་ནང་ལོགས་ཀྱི་འཕྲིན་ཕྲན་དང་པོད་ཕྲན་སོགས་བེད་སྤྱོད་གཏོང་འཇུག་གི་ཡོད། རྒྱ་ནག་གཞུང་གི་ཁྲིམས་སྒྲིག་ལྟར་ན། སྤྱི་ཚོགས་བརྒྱུད་ལམ་གྱི་གླེང་སྟེགས་འདིའི་རིགས་ཚང་མར་ “སྤྱི་ཚོགས་བརྟན་ལྷིང་” གི་འགན་བཀྲིས་ཡོད་པ་དང་། དེའི་ནང་དུ་ཏང་གི་ལམ་སྲོལ་དང་འགལ་ཡོད་མེད་ཞིབ་བཤེར་དང་། ཏང་ལ་དཔྱད་བརྗོད། བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཀྱི་ཞུ་གཏུག འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་བགྲོ་གླེང་གནང་མཁན་དོགས་ཡོད་མི་སྣའི་གནས་ཚུལ་ཡར་ཞུ་བྱེད་པ་སོགས་ཚུད་ཡོད། རྒྱ་ནག་ནང་གི་སྤྱི་ཚོགས་བརྒྱུད་ལམ་གྱི་གནས་སྟངས་ལ་ཞིབ་འཇུག་རྒྱུས་ལོན་ལྟར་ན། རྒྱ་ནག་གི་གྲོང་ཁྱེར་པེ་ཅིན་ནང་ཆ་འཕྲིན་བཀག་སྡོམ་བྱེད་ཚད་བརྒྱ་ཆ་༡༢ ཟིན་པའི་གནས་སྟངས་དང་བསྡུར་ན། བོད་ནང་ལོགས་ཀྱི་ཆ་འཕྲིན་ཡོངས་ཀྱི་ཕྱེད་ལྷག་བཀག་སྡོམ་ནག་བསུབ་གཏོང་གི་ཡོད་འདུག
སྨྲ་བརྗོད་རང་དབང་གི་ཁོར་ཡུག་ལ་སྟངས་འཛིན་ཤུགས་ཆེར་གཏོང་ཐབས་སུ། རྒྱ་གཞུང་གིས་བཙན་གྱིས་དྲ་ལམ་ཐོ་འགོད་སྐབས་སུ་དོ་བདག་གི་དངོས་མིང་འབྲི་འཇུག་གི་ཡོད་པ་དང་། རྒྱ་གཞུང་གི་དྲ་ལམ་ཞིབ་བཤུར་འོག་ཏུ་མ་ཚུད་པའི་དྲ་འཇུག་བོད་མི་ཞིག་ཧ་ལམ་ཡོད་མི་སྲིད་ཅིང་། ཆབ་སྲིད་ཀྱི་གནས་སྟངས་གླེང་སློང་ངམ། ཡང་ན་ཏང་གི་སྲིད་ཇུས་སྐོར་གྱི་དཔྱད་བརྗོད་རིགས་ཚང་མ་ཁ་བྲལ་རིང་ལུགས་ཀྱི་ཁྲིམས་འགལ་གྱི་ངོ་བོར་བསྒྱུར་ཞིང་། ཆ་འཕྲིན་སྤེལ་བ་དང་ཉར་བ། ཐ་ན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ལ་མཇལ་བ་ཙམ་གྱིས་ཆོས་ལུགས་ཐལ་སྤྱོད་རིང་ལུགས་ཀྱི་བསྙོན་འཛུགས་བྱེད་ཀྱི་འདུག རྒྱ་ནག་དམར་ཤོག་སྲིད་གཞུང་གི་མིག་ནང་དུ་དོན་དག་ཆེ་ཆུང་ཅི་འདྲ་ཞིག་ཡིན་ནའང་། གོང་ཞུས་གནད་དོན་དེའི་རིགས་གླེང་སློང་བྱུང་ཚེ། རྟག་པར་དེ་ནི་ཚབས་ཆེའི་ཁྲིམས་འགལ་ཉེས་གསོག་གི་ངོ་བོར་བསྒྱུར་བའི་རྐྱེན་གྱིས། བོད་ནང་གི་བོད་མི་ཚོས་ཕྱི་ཕྱོགས་སུ་འབྲེལ་འདྲིས་གནང་ཐབས་མེད་པའི་གནས་སྟངས་བྱུང་ཡོད།