14/04/2021

བོད་ནང་དུ་རྒྱ་གཞུང་གིས་སྨྲ་བརྗོད་རང་དབང་ནི་ཁྲིམས་འགལ་གྱི་ངོ་བོར་སྒྱུར་བཞིན་པ་མཚམས་འཇོག་དགོས།

  •   
  •  
  •  
  •  
  •  
  •  
  •  

འདི་ག་ལྟེ་གནས་ཁང་གི་ངོས་ནས། རྒྱ་གཞུག་གིས་བོད་རིགས་སློབ་མ་གཉིས་གང་བྱུང་བཀག་ཉར་བྱས་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ལ། སློབ་མ་དེ་གཉིས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ནས་ཡིན་པ་དང་། ཁོང་གཉིས་ཀྱིས་ས་གནས་རྐང་རྩལ་སྤོ་ལོ་འགྲན་སྡུར་རུ་ཁག་གི་མཚོན་རྟགས་ལ་རྒྱལ་དར་སྒྲིག་བཟོ་བྱས་པའི་ནག་ཉེས་བཙུགས་པ་དང་། སློབ་ཕྲུག་གཉིས་ཀྱི་ལག་འཁྱེར་ཁ་པར་ཡང་བཙན་འཕྲོག་བྱས་འདུག
ཕྱི་ཟླ་༢ བའི་ཚེས་༢༣ ཉིན་ཕྱིའི་རྒྱལ་ཁབ་ཀྱི་རྒྱ་རིགས་ཚོགས་སྡེ་ཞིག་ནས་གནས་ཚུལ་བཏོན་པ་ལྟར་ན། བོད་རིགས་སློབ་མ་བྱམས་པ་ཚེ་རིང་ཞུ་བ་ཞིག་ལ་ “རྒྱལ་ཁབ་ཁ་བྲལ་གྱི་ངན་སྐུལ་” བྱས་རབས་ཀྱི་བསྙོན་འཛུགས་འོག་ཏུ་མི་ལོ་གཅིག་དང་ཕྱེད་ཀྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པར་མ་ཟད། “མི་ལོ་གཅིག་གི་ཆབ་སྲིད་ཐོབ་ཐང་བཙན་འཕྲོག་” བྱས་པ་དང་། སློབ་ཕྲུག་དེའི་ཉེས་འཛུགས་ཁྲིམས་ཆད་ཀྱི་དུས་ཡུན་མི་ལོ་གཉིས་རིང་ཕར་འགྱངས་བྱས་ནས་ལྟ་རྟོག་འོག་ཏུ་བཞག་འདུག་ལ། གདུགས་དཀར་ཚེ་རིང་ཞུ་བའི་སློབ་མ་གཞན་ཞིག་ཀྱང་བཀག་བསྐྱིལ་གྱིས། ཁོང་གི་ཁྲིམས་འགལ་ཉེས་གསོག་ཐེངས་དང་པོ་ཡིན་ལུགས་ཀྱིས་ཉེས་ཆད་ཆག་ཡང་བཏང་ཡོད་འདུག
འདས་ལོའི་ཕྱི་ཟླ་༨ པའི་ནང་ཁྲིམས་བཤེར་བྱས་སྐབས། བྱམས་པ་ཚེ་རིང་ལ་རྐང་རྩལ་སྤོ་ལོ་འགྲན་སྡུར་རུ་ཁག་གི་མཚོན་རྟགས་རྒྱལ་དར་སྒྲིག་བཟོ་དང་འགྲེམ་སྤེལ་བྱས་ནས་སྤྱི་ཚོགས་བརྒྱུད་ལམ་ཁྱེའུ་ཕྲིན་ནང་བསྐུར་ལུགས་དང་། ཡང་ཁྲིམས་འགལ་ཉེས་གསོག་གི་དཔར་རིས་དེ་གདུགས་དཀར་ཚེ་རིང་ལ་འབྲེལ་གཏུག་བྱས་ནས་བླངས་རབས་སོགས་ཀྱི་དོགས་གཞིའི་འོག་བཀར་ཉར་བྱས་པ་དང་། རྒྱལ་དར་སྒྲིག་བཟོ་དང་མཚོན་རྟགས་ལ་བཀོལ་པ་ནི་ “རྒྱལ་ཁབ་ཁ་བྲལ་གྱི་ངན་སྐུལ་” དང་ “མི་མཐུན་སྒྲིལ་ལ་གཏོར་བརླག་” བཏང་བའི་ཁྲིམས་འགལ་ཉེས་གསོག་དང་གཅིག་པ་ཡིན་ལུགས་བསྒྲགས་འདུག
རྒྱ་གཞུང་གིས་བྱམས་པ་ཚེ་རིང་ལ་ད་དུང་ཁོས་མཚོ་སྔོན་ཞིང་ཆེན་ཆབ་ཆ་གྲོང་རྡལ་གྱི་བླ་མཚོའི་བུམ་པ་རྟགས་ཅན་གྱི་རྐང་རྩལ་སྤོ་ལོ་འགྲན་སྡུར་སྐབས་དྲུག་པའི་ཐོག་རུ་ཁག་གི་མཚོན་རྟགས་ལ་རྒྱལ་དར་གྱི་མཚོན་རྟགས་དེ་སྤེལ་བ་དང་། སྐབས་དེའི་འགྲན་སྡུར་གྱི་འདྲ་པར་དང་བརྙན་ཐུང་སོགས་སོ་སོའི་འཕྲིན་ཕྲན་རྒྱབ་ལྗོངས་སུ་འཁོད་པར་ས་གནས་དྲ་ཞུགས་བོད་མི་མང་པོས་མཐོང་བ་སོགས། བྱམས་པ་ཚེ་རིང་གིས་སྤྱི་ཚོགས་ལ་ “ཆབ་སྲིད་ཀྱི་བག་ཆགས་ངན་པ་” བཟོས་རབས་བཤད་འདུག
རྒྱ་གཞུང་གི་འུད་སྒྲོག་ལྟར། རྒྱལ་དར་སྒྲིག་བཟོ་དང་མཚོན་རྟགས་ལ་འཁོད་པ་ནི་ཁྲིམས་འགལ་ཉེས་གསོག་ཡིན་མིན་མི་གསལ་མོད། འོན་ཀྱང་རྒྱ་གཞུང་གིས་ནམ་ཞར་བོད་ཀྱི་རྒྱལ་དར་སྒྲིག་བཟོ་བྱས་རབས་ཀྱི་བསྙོན་འཛུགས་འོག་ཏུ་བོད་མི་མང་པོ་འཛིན་བཟུང་དང་གར་སོང་ཆ་མེད་བཟོ་བྱེད་བཞིན་པ་ནི་ཆེས་རྒྱུན་ལྡན་གྱི་གནས་སྟངས་ཤིག་ཆགས་ཡོད་ལ། བོད་མི་རེ་འགར་གྱེན་ལོག་གི་ལག་ཆར་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱས་རབས་ཀྱི་ནག་ཉེས་བཙུགས་ནས། རྒྱལ་ཁབ་ཀྱི་དོ་དམ་ལྟ་སྲུང་ཁང་ནས་རྦད་དེ་གར་ཁྲིད་ཅི་བྱས་ཀྱི་གནས་སྟངས་མཐོང་ཐོས་མེད་པར་བཟོས་ཡོད། རྒྱ་གཞུང་གིས་བོད་ཀྱི་རྒྱལ་དར་ནི་ “གུ་དོག་པའི་མི་རིགས་རིང་ལུགས་ཀྱི་ལྟ་བ་” དང་། མེས་རྒྱལ་གཅིག་གྱུར་གྱི་འགོག་རྐྱེན་དང་འཇིག་ཉེན་ཞིག་ལ་ཆ་འཇོག་བྱེད་ཀྱི་ཡོད།
འདི་ག་ལྟེ་གནས་ཁང་གི་ངོས་ནས། རྒྱ་གཞུང་གིས་བྱམས་པ་ཚེ་རིང་དང་གདུགས་དཀར་ཚེ་རིང་གཉིས་ལ་ནག་ཉེས་བཙན་འགེལ་བྱས་པ་ཕྱིར་འཐེན་གྱིས། ཆ་རྐྱེན་ཅི་ཡང་མེད་པའི་ཐོག་ནས་མྱུར་དུ་ཁོང་གཉིས་ཀྱི་འགྲོ་བ་མིའི་ཐོབ་ཐང་སླར་གསོ་བྱེད་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད་ལ། བྱམས་པ་ཚེ་རིང་དང་གདུགས་དཀར་ཚེ་རིང་གཉིས་བཀག་ཉར་བྱས་པ་དེས། བོད་མིའི་སྨྲ་བརྗོད་རང་དབང་གི་ཐོབ་ཐང་དང་མི་སྒེར་གྱི་རང་དབང་རྡོག་རོལ་བཏང་ཡོད་པས། ཁོང་གཉིས་ལ་ཚུལ་མཐུན་གྱི་གུན་གསབ་སྤྲོད་པ་དང་། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་འབྲེལ་ཡོད་དཔོན་རིགས་ཚོར་དུས་ཐོག་ཉེས་ཆད་གཅོད་དགོས། བོད་ཀྱི་རྒྱལ་དར་ཁྲིམས་འགལ་ཉེས་གསོག་གོ་ངོ་བོར་བསྒྱུར་བ་ནི་རྒྱ་གཞུང་རང་གི་མི་རིགས་སྲིད་ཇུས་ནང་གསལ་གྱི་ས་ཁོངས་རང་སྐྱོང་གི་རང་དབང་དང་ཐོབ་ཐང་། དེ་བཞིན་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་ཐོབ་ཐང་བཅས་དང་ཡོངས་སུ་འགལ་ཡོད། དཔེར་ན་ཕྱི་ལོ་༢༠༡༣ ལོར་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས། རྒྱ་ནག་གི་དབུ་ཁྲིད་འདས་པོ་མའོ་ཙི་ཏུང་གིས། ཕྱི་ལོ་༡༩༥༤ ལོར་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཚོགས་པའི་ཚོགས་འདུ་ཞིག་སྟེང་རྒྱ་ནག་གི་རྒྱལ་དར་འཁྲིས་སུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱེད་དུ་བཅུག་སྐོར་གསུངས་ཡོད།