26/11/2020

བོད་ནང་དུ་དྲང་བདེན་གྱི་ཁྲིམས་ཞིབ་ཐོབ་ཐང་ལོངས་སུ་སྤྱོད་དབང་ལ་འགོག་རྐྱེན་བཟོས་པ། དམིགས་བསལ་སྙན་ཐོ།

  •   
  •  
  •  
  •  
  •  
  •  
  •  

ཕྱི་ལོ་༢༠༡༩ ཟླ་༩ བའི་ནང་བཏོན་པའི་རྒྱ་གཞུང་གི་རྒྱབ་ཤ་དཀར་པོའི་དེབ་ཟེར་བའི་ནང་དུ། “འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་ཆེད་ཟམ་མི་ཆད་པར་ཁྲིམས་སྐྱོང་མ་ལག་མཐའ་འཁྱོངས”དང་། དྲང་བདེན་དང་རང་རྐྱ་འཕེར་བའི“ཁྲིམས་ཞིབ་དང་ཞིབ་དཔྱོད་ཀྱི་དབང་ཆ་ལོངས་སུ་སྤྱོད་རྒྱུར་ཁག་ཐེག ཁྲིམས་འགལ་ཉེས་གསོག་གི་དོགས་ཡོད་མི་སྣ་དང་ཉེས་འཛུགས་མི་སྣ་དང་བཙོན་པ་བཅས་ཀྱི་ཁེ་ཕན་དང་ཁྲིམས་མཐུན་ཁེ་དབང་སོགས་ཕྱོགས་ཡོངས་ནས་དྲང་བདེན་གྱིས་ཁྲིམས་ཞིབ་ཐོབ་ཐང་ལ་འགན་ལེན”བྱས་ཡོད་ལུགས་བཤད་འདུག

མི་ལོ་གཅིག་གི་སྔོན་ལ་གཞི་རིམ་མང་ཚོགས་ཀྱི་དཀའ་སྡུག་དོན་གཉེར་གནང་མཁན་ཨ་ཉ་སེང་སྒྲས། རྒྱ་ནག་ས་གནས་སྲིད་གཞུང་གི་དབང་འཛིན་དཔོན་རིགས་ཚོས་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དགའ་བདེ་རྫོང་ཁོངས་ཀྱི་མུག་སྐྱོབ་རོགས་དངུལ་ལྐོ་ཟ་བྱས་པའི་རུལ་སུངས་ཐེར་འདོན་གནང་རྐྱེན། རྒྱ་གཞུང་གིས་ཁོང་འཛིན་བཟུང་བཀག་བསྐྱིལ་གྱིས་མི་ལོ་བདུན་གྱི་ཁྲིམས་ཆད་བཙན་འགེལ་བྱས་ཡོད།

ཨ་ཉ་སེང་སྒྲ་ནི་རྒྱལ་སྤྱིའི་ཁྲིམས་ཡིག་རྩ་འཛིན་ཁག་དང་ཡོངས་སུ་འགལ་བའི་རྒྱ་གཞུང་གི་ཉེས་དོན་ཁྲིམས་འཛིན་ལམ་ལུགས་ཁྲོད་དྲང་བདེན་གྱི་ཁྲིམས་ཞིབ་ཐོབ་ཐང་འཕྲོག་པའི་བོད་མི་སྟོང་ཕྲག་མང་པོའི་གྲས་ཀྱི་གཅིག་ཡིན། ཕྱི་ལོ་༢༠༡༧ ལོ་ནས་བཟུང་རྒྱ་གཞུང་གི་དབང་འཛིན་དཔོན་རིགས་ཚོས་གྲྭ་བཙུན་བོད་མི་སྟོང་ཕྲག་མང་པོར་ཆབ་སྲིད་སློབ་གསོ་སྤྲོད་ཆེད་ཁྲིམས་ཞིབ་དང་ཉེས་དོན་གསལ་བཤད་མེད་པར་ཁྲིམས་འགལ་བཀག་བསྐྱིལ་ཁང་དུ་བཀག་ཉར་བྱས་པ་རེད།

ཕྱི་ལོ་༢༠༠༨ ལོར་བོད་ནང་དུ་ཞི་རྒོལ་ཆེན་མོ་བྱུང་ནས་མི་ལོ་༡༢ ལྷག་འདས་ཟིན་ནའང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་དང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆེད་མཁས་པ་ཚོས་རྒྱ་ནག་གཞུང་གིས་འཛིན་བཟུང་བཙོན་འཇུག་དང་བཙོན་ཁང་དུ་མེད་བརླག་བཏང་བའི་གནས་ཚུལ་ཁག་གསལ་བཤད་བྱེད་པའི་དགོས་འདུན་བཏོན་ཡང་རྒྱ་གཞུང་གིས་ད་དུང་དངོས་དོན་ར་སྤྲོད་ཅི་གང་བྱས་མེད་པ་རེད། ཕྱི་ལོ་༢༠༡༩ ཟླ་༥ བའི་ནང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ངོས་ནས་བོད་མི་༨༠ ཡི་མིང་ཐོ་བཀོད་ནས་རྒྱ་གཞུང་གིས་བོད་མི་དེ་དག་འཛིན་བཟུང་བྱས་ཏེ་མི་ལོ་བཅུ་ཕྲག་གཅིག་ལྷག་ཕྱིན་ཡང་ད་དུང་ཁོང་ཚོ་གར་ཡོད་ཅི་བྱས་དང་ཉེས་དོན་ཅི་ཡང་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་པའི་སྐོར་གྱི་གནས་ཚུལ་བཏོན་ཡོད།

རྒྱ་གཞུང་གི་ཉེས་དོན་ཁྲིམས་འཛིན་ལམ་ལུགས་ཀྱི་ནང་དུ་དྲང་བདེན་གྱི་ཁྲིམས་ཞིབ་ཐོབ་ཐང་ལ་འགན་སྲུང་ཁག་ཐེག་མ་བྱས་པ་དེ་ནི་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་ཐེབས་པའི་རྒྱུ་རྐྱེན་གཙོ་བོ་གཅིག་ཡིན་པ་དང་། བོད་ཁུལ་དུ་ཞི་བའི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་ཞུ་རྩོད་གནང་མཁན་དང་། ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་ཚོ་དམར་ཤོག་སྲིད་གཞུང་གི་དབྱེ་འབྲེད་སྲིད་ཇུས་ཁག་གི་དམིགས་འབེན་དུ་བཟུང་འདུག  འདི་ག་ལྟེ་གནས་ཁང་གི་ངོས་ནས་དེ་རིང་བཏོན་པའི་དམིགས་བསལ་སྙན་ཐོ་འདིའི་ནང་དུ་རྒྱ་གཞུང་རང་གི་ཉེས་དོན་ཁྲིམས་འཛིན་ལམ་ལུགས་ཁྲོད་དུ་དྲང་བདེན་གྱི་ཁྲིམས་ཞིབ་ཐོབ་ཐང་ལོངས་སུ་སྤྱོད་དབང་དང་། དེ་འབྲེལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དཀའ་ངལ་སྐོར་གྱི་བློ་འཚབ་སྐྱེ་གཞི་ཁག་གསལ་འདོན་བྱས་ཡོད།

དམིགས་བསལ་སྙན་ཐོ་འདིའི་ནང་དུ་བོད་མི་འཛིན་བཟུང་དང་བཙོན་འཇུག གཞན་རང་དབང་ཐད་ཀྱི་དམ་དྲག་ཁག བཙན་དབང་གིས་བསྙོན་འཛུགས་ཁས་ལེན་དུ་འཇུག་ཐབས། ངོ་ཚབ་ཁྲིམས་རྩོད་པ་གླ་བའི་ཐོབ་ཐང་དང་རང་རྐྱ་འཕེར་བའི་ཁྲིམས་ཞིབ་མེད་པ། དེ་བཞིན་དུ་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་ཡོང་ཐབས་གཞིར་བྱས་རྒྱ་གཞུང་གི་ཉེས་དོན་ཁྲིམས་འཛིན་ལམ་ལུགས་ལ་བཅོས་སྒྱུར་གཏོང་དགོས་པའི་སྐུལ་འདེབས་ཁག་དང་། ཡང་རྒྱ་རིགས་ཁྲིམས་རྩོད་པ་ཚོར་འཕྲད་པའི་དཀའ་ཁག་གི་ཐད་ནས་ཁྲིམས་རྩོད་པ་ལིན་ཆི་ལེ་༼ཨ་ཉ་སེང་སྒྲའི་ཁྲིམས་རྩོད་པ།༽དང་ཐིང་པོ། ལུའུ་ཧྲི་ཧྭ། བུད་མེད་ཁྲིམས་རྩོད་པ་གྲགས་ཅན་ཝང་ཡུའུ་སོགས་ལ་བཅར་འདྲི་ཞུས་པའི་གནས་ཚུལ་ཁག་བཅས་སྡེ་ཚན་དུ་མར་འཁོད་ཡོད།

རྒྱལ་སྤྱི་དང་རྒྱལ་ཡོངས་རིམ་པའི་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་ཁྲིམས་ཡིག་ཁག་གི་ནང་དུ། ཁྲིམས་སྒྲིག་འཛིན་སྐྱོང་དང་འབྲེལ་བའི་ཉེས་དོན་ཇི་འདྲ་ཞིག་ཡིན་རུང་། དེ་ལ་རང་དབང་ལྡན་ཞིང་དབྱེ་འབྱེད་མེད་པའི་ཁྲིམས་ཁང་ངམ་ཁྲིམས་ཞིབ་ཁང་གང་རུང་ནས་དྲང་བདེན་གྱི་ཁྲིམས་ཞིབ་བྱེད་པའི་ཐོབ་ཐང་ལ་འགན་སྲུང་ཁག་ཐེག་གནང་ཡོད། རྒྱ་གཞུང་གི་རྩ་ཁྲིམས་ནང་དུ་ཁྲིམས་སྐྱོང་གི་མིང་ཙམ་བཏོན་རུང་། ཁྲིམས་ཀྱི་དབང་ཆ་ཆེ་ཤོས་དམར་ཤོག་སྲིད་གཞུང་གིས་བཙན་བཟུང་བྱས་པ་དང་། ཡོད་ཚད་ཀྱི་བླ་ན་མཐོ་ཤོས་དེ་ཡང་དམར་ཤོག་སྲིད་གཞུང་རང་ཡིན་པ་རེད། དེར་མ་ཟད། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བརྟན་ལྷིང་ལ་ཁ་གཡར་ནས། དམར་ཤོག་སྲིད་གཞུང་གིས་ཁྲིམས་དཔོན་གྱི་ལས་དོན་ལ་བར་ཆད་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་ཁྲིམས་རྩོད་པས་སོ་སོའི་ཞུ་སྦྱོར་བ་ཕྱི་མའི་ཐོབ་ཐང་སྲུང་སྐྱོང་གནང་རྒྱུར་འགོག་རྐྱེན་བཟོ་བཞིན་ཡོད།

གཤམ་འཁོད་ཀྱི་འབྲེལ་ཐག་བརྒྱུད་ནས་སྙན་ཐོ་ཆ་ཚང་ཀློག་ཐུབ།

TCHRD fair trial report final July, 2020 (1)

Select Language