03/08/2020

བོད་ནང་གསར་འགྱུར་རང་དབང་དགོས་པའི་རོལ་དབྱངས་འདུ་འཛོམས་ལས་འགུལ།

  •   
  •  
  •  
  •  
  •  
  •  
  •  

photoཕྱི་ལོ་ ༡༩༩༣ ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས།  ཕྱི་ཟླ་ ༥ ཚེས་ ༣ ཉིན་ནི་རྒྱལ་སྤྱིའི་གསར་འགོད་རང་དབང་ཉིན་མོར་གཏན་འབེབས་བྱུང་བ་ལྟར།  རྒྱལ་སྤྱིའི་སྤྱི་ཚོགས་ཁྱོན་ཡོངས་སུ་ལོ་ལྟར་ཉིན་མོ་འདི་སྲུང་བརྩི་བྱེད་བཞིན་ཡོད་ལ།   དེ་བཞིན། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ཀྱི་དོན་ཚན་ ༡༩ པའི་ནང་དུའང་། སྒེར་ཚུགས་དང་སྣ་འཛོམས།  རང་དབང་ཅན་གྱི་གསར་འགྱུར་བརྒྱུད་ལམ་ཁག་འཛུགས་བསྐྲུན་དང་འཕེལ་རྒྱས། སྲུང་སྐྱོབ་བཅས་བྱེད་རྒྱུ་དེ་ནི།  རྒྱལ་ཁབ་གང་དེའི་དཔལ་འབྱོར་དང་དམངས་གཙོ་ཡར་རྒྱས་སྲུང་སྐྱོབ་ཐད་མེད་ཐབས་མེད་པའི་གཞི་རྩའི་ཆ་རྐྱེན་ཡིན་ཞེས་གསལ་འདོན་བྱས་ཡོད།

 

ཡིན་ནའང་། བོད་ས་ཡོངས་ལ་རྒྱ་གཞུང་གིས་བཙན་བཟུང་དབང་བསྒྱུར་བྱས་པ་ནས་ད་ལྟའི་བར་དུ།  བོད་ནང་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁག་རིམ་པར་རྡོག་རོལ་བཏང་ཡོད་ལ།  ལྷག་པར་དུ། ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་སུ་རང་དབང་རྩོད་ལེན་གྱི་ཞི་བའི་ངོ་རྒོལ་བྱུང་བའི་རྗེས།  རྒྱ་གཞུང་གིས་བོད་ནང་སྔར་བས་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་སྟེ།  བོད་ནང་གི་གནས་འཕྲིན་དྲ་རྒྱ་དང་ཁ་པར། བརྡ་འཕྲིན་མཐའ་དག་ལ་བཀག་སྡོམ་ནན་མོ་བྱས་པ་མ་ཟད།  དྲ་རྒྱའི་ཐོག་བོད་ནང་གི་དངོས་ཡོད་གནས་སྟངས་སྐོར་གྱི་གསར་འགྱུར་དང་རྩོམ་ཡིག་སྤེལ་མཁན་བོད་མི་མང་པོ་སྔ་ཕྱིར་འཇུ་བཟུང་བཀག་ཉར་དང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད། དེར་མ་ཟད་རྒྱལ་སྤྱིའི་ཉམས་ཞིབ་པ་དང་གསར་འགོད་པ་རྣམས་བོད་ནང་བསྐྱོད་རྒྱུར་བཀག་འགོག་བྱས་ཏེ།    བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་རྣམས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཤེས་རྟོགས་བྱུང་མ་བཅུག་པར། ཕྱོགས་ཡོངས་ནས་ནག་སུབ་དང་སྦོས་སྐོང་བྱེད་བཞིན་ཡོད།

 

དེར་བརྟེན། འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས། རྒྱལ་སྤྱིའི་གསར་འགོད་རང་དབང་ཉིན་མོ་དང་སྟབས་བསྟུན་ནས་རོལ་དབྱངས་འདུ་འཛོམས་ཤིག་གོ་སྒྲིག་ཐོག རྒྱ་གཞུང་གིས་བོད་ནང་དུ་གསར་འགོད་རང་དབང་གིས་མཚོན་པའི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁག་རྡོལ་གཏོང་བཞིན་པའི་གནས་སྟངས་ཐད།   རྒྱལ་སྤྱིའི་གཞུང་སྒེར་ཚོགས་སྡེ་ཚང་མས་དོ་སྣང་ཡོང་ཐབས་དང་། དེ་བཞིན། བོད་ནང་གསར་འགོད་རང་དབང་བཀག་སྡོམ་ཐད་རྒྱ་གཞུང་ལ་འབོད་སྐུལ་གནོན་ཤུགས་སྤྲོད་རྒྱུར་རེ་སྐུལ་ཞུ་བཞིན་ཡོད།

 

བོད་ནང་གསར་འགོད་རང་དབང་དགོས་པའི་རོལ་དབྱངས་འདུ་འཛོམས་ཀྱི་བྱ་འགུལ་དེ་ཉིད། རྒྱལ་སྤྱིའི་གསར་འགོད་རང་དབང་ཉིན་མོ་སྟེ། ཕྱི་ཟླ་ ༥ ཚེས་ ༣ ཉིན་གྱི་དགོང་དྲོའི་ཆུ་ཚོད་ ༦ དང་སྐར་མ་ ༣༠ སྟེང་། བོད་གཞུང་ཟློས་གར་ཁང་དུ་མགོ་འཛུགས་གནང་གི་ཡོད་པས།  རྒྱ་ཆེའི་གསར་འགྱུར་བརྒྱུད་ལམ་དང་གསར་འགོད་པ་དག་གིས། བོད་ནང་གསར་འགྱུར་རང་དབང་བཀག་སྡོམ་གྱི་གནས་སྟངས་ཐད་ཐུགས་སྣང་ཆེན་པོའི་སྒོ་ནས་ཆེད་ཕེབས་མཉམ་ཞུགས་ཡོང་བར་འབོད་སྐུལ་གསལ་བསྒྲགས་ཞུ་བཞིན་ཡོད།