14/07/2020

བོད་དོན་ལས་འགུལ་བ་རིག་འཛིན་ཆོས་སྒྲོན་ཐེངས་འདིའི་ཞི་རྒོལ་ཐོབ་ཐང་གི་ལས་འགུལ་ནང་མཉམ་ཞུགས་གནང་།

  •   
  •  
  •  
  •  
  •  
  •  
  •  

 

 

“ང་ཚོས་ཁ་ཚ་དགོས་གཏུག་གི་གནས་དོན་གླེང་སློང་མི་ཐུབ་པའི་ཉིན་མོ་དེ་ནི། ང་ཚོའི་མི་ཚེ་འཇུག་རྫོགས་པའི་འགོ་བརྩམས་པ་ཡིན།”

རྒྱ་གར་ནང་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རིག་འཛིན་ཆོས་སྒྲོན་གྱིས། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་གྲགས་ཅན་མར་ཊེན་ལུ་ཐིར་ཁེན་(Martin Luther King Jr)གྱི་ལེགས་བཤད་ལུང་དུ་གྲངས་ནས། དྲང་བདེན་མ་ཡིན་པར་མི་རིགས་གཉའ་གནོན་གྱི་དཀའ་སྡུག་ཁྲོད་དུ་ཅིས་ཀྱང་སོ་སོའི་རྣམ་དཔྱོད་ལོངས་སུ་སྤྱོད་རྒྱུ་གལ་འགངས་ཆེན་པོ་ཡིན་པ་ནན་བཤད་བྱས་ཡོད།

གཟའ་འཁོར་འདིའི་ནང་རྒྱ་གར་ནང་སྐྱབས་བཅོལ་དུ་གནས་སྡོད་བོད་དོན་ལས་འགུལ་བ་རིག་འཛིན་ཆོས་སྒྲོན་གྱིས། རྒྱ་གཞུང་གི་དཔོན་རིགས་ཚོ་རྒྱ་གར་ནང་རྒྱལ་དོན་སྐོར་སྐྱོད་དུ་ནམ་ཡོང་ལ་ཞི་རྒོལ་སྐད་འབོད་གནང་རྐྱེན་འཛིན་བཟུང་བཀག་བསྐྱིལ་བྱས་མྱོང་ཡོད་པ་རེད། རིང་མིན་ན་ནིང་ཕྱི་ཟླ་༡༠ ནང་ཁོ་མོ་ཅིན་ནཱེ་(Chennai)གྲོང་ཁྱེར་ནང་འཛིན་བཟུང་ཐེབས་པ་དང་། སྐབས་དེར་ཅིན་ནཱེ་བཙོན་ཁང་དུ་བཀག་བསྐྱིལ་བྱས་པའི་བོད་རིགས་བུད་མེད་གཅིག་པུ་དེ་ཡིན་པ་རེད།

ཅིན་ནཱེ་བཙོན་ཁང་དུ་དུས་ཡུན་ཉིན་གྲངས་༡༥ རིང་བཀག་བསྐྱིལ་བྱས་པ་དེས། ཁོ་མོར་སྔར་ལྷག་གིས་བོད་དོན་འཐབ་རྩོད་ཐད་ལ་བློ་ཐག་རྦད་ཆོད་དང་ཞུམ་མེད་སེམས་ཤུགས་སྤར་བའི་སྐོར་བརྗོད་དོན། “རྒྱ་གཞུང་གི་བཙོན་འོག་ཏུ་ཚུད་པའི་བོད་ཀྱི་ཆབ་སྲིད་བཙོན་པའི་དཀའ་སྡུག་གི་མྱོང་བ་དང་རྣམ་དཔྱོད་དང་བསྡུར་ན། སྐབས་དེར་ངེད་རང་འཛིན་བཟུང་བཀག་བསྐྱིལ་བྱས་པ་དེ་ནི་ཅི་གང་མིན་པ་རྟོགས་སོང་ལ། རྒྱ་གཞུང་གི་བཀག་བསྐྱིལ་ཁང་དང་བཙོན་ཁང་དུ་བོད་མི་ཚོས་སྡུག་སྦྱོང་མནར་གཅོད་རིགས་སྣ་ཚོགས་མྱངས་ཡོད་པ་རེད།”

རིག་འཛིན་ཆོས་སྒྲོན་གྱིས་མུ་མཐུད་བརྗོད་རྒྱུར། “བོད་ལ་རང་དབང་མ་འཐོབ་བར་དུ་ངས་ནི་མུ་མཐུད་དུ་རང་དབང་རྩོད་ལེན་བྱ་ངེས་ཡིན་ལ། མུ་མཐུད་དུ་རང་ཉིད་ཀྱི་ཞི་རྒོལ་ཐོབ་ཐང་ལོངས་སུ་སྤྱོད་པ་དང་དུས་མཚུངས་སུ། འཛམ་གླིང་སྒང་གི་རང་དབང་ཐོབ་ཐང་རྩོད་ལེན་གནང་མཁན་རྣམས་ལ་གདུང་སེམས་མཉམ་སྐྱེད་བྱ་ངེས་ཡིན།”

ཕྱི་ཟླ་༥ ཚེས་༣ ཉིན་འདི་ག་ལྟེ་གནས་ཁང་གིས་དྲ་ལམ་ལས་འགུལ་འགོ་བཙུགས་ནས། བོད་མིའི་ཞི་རྒོལ་སྙིང་སྟོབས་དང་སེམས་ཤུགས་བཅས་མཚོན་པའི་བྱུང་རིམ་ལོ་རྒྱུས་འགྲེམ་སྤེལ་གྱིས། ད་ཆར་རྒྱ་གཞུང་གིས་ཏོག་དབྱིབས་ནད་དུག་གི་གོ་སྐས་བེད་སྤྱད་ནས། བོད་ནང་དུ་ཞི་བའི་ཐོག་ནས་འདོད་མོས་མེད་པའི་རྣམ་འགྱུར་ཅི་འདྲ་ཞིག་བསྟན་ནའང་། དེ་ལ་ཚབས་ཆེའི་དྲག་གནོན་དང་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པ་སྦེད་ཐབས་ཀྱི་སྒྲིབ་གཡོག་བཤུས་ཏེ། བོད་མིའི་སྨྲ་བརྗོད་རང་དབང་གསལ་འདོན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།

འདི་ལོའི་ཕྱི་ཟླ་༡༢ ཚེས་༡༠ ཉིན་ཏེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོའི་བར་དུ། ཐེངས་འདིའི་ལས་འགུལ་བརྒྱུད་བོད་དོན་ལས་འགུལ་བ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གནང་མཁན་མི་སྣ་༣༠ ཡི་རེ་འདུན་དང་བློ་སྤོབས། ཞི་རྒོལ་བཅས་ཀྱི་གནས་ཚུལ་རིམ་པར་སྤེལ་འཆར་ཡོད།

བོད་དོན་ལས་འགུལ་བ་བསྟན་འཛིན་ཆོས་ལྡན་ཐེངས་འདིའི་ལས་འགུལ་ནང་མཉམ་ཞུགས་གྱིས་རྒྱ་གཞུང་ལ་འབོད་སྐུལ་གནང་བ་གཤམ་གསལ།

༡༽ རྒྱ་ནག་གཞུང་གིས་ཞི་བའི་འདུ་འཛོམ་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་འགལ་བའི་ལག་བསྟར་སྲིད་ཇུས་ཁག་འཕྲལ་དུ་མཚམས་འཇོག་དགོས།

༢༽ ཞི་རྒོལ་ལས་འགུལ་བར་དྲག་གནོན་དང་བཀག་བསྐྱིལ་བྱེད་ཐབས་ཀྱི་དྲག་རྡུང་སྲིད་ཇུས་ཁག་འཕྱིར་འཐེན་རྩིས་མེད་གཏོང་དགོས།

༣༽ ཞི་རྒོལ་ལས་འགུལ་བར་སྡུག་སྦྱོང་མནར་གཅོད་དང་གང་བྱུང་བཀག་བསྐྱིལ་བྱེད་མཁན་སྲིད་གཞུང་གི་ཁྲིམས་འགལ་དཔོན་རིགས་ཚོར་དུས་ཐོག་ཉེས་ཆད་གཅོད་དགོས།

༤༽ སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས་དང་། བཙན་དབང་གིས་གར་སོང་ཆ་མེད་དུ་འགྱུར་རིགས་འགོག་པའི་རྒྱལ་སྤྱིའི་སྤྱི་ཆིངས་གཉིས་ལ་རྒྱ་གཞུང་གིས་ལག་བསྟར་ཆོག་མཆན་འགོད་དགོས།

༥༽ བོད་ནང་དུ་ཞི་བའི་འདུ་འཛོམ་རང་དབང་མེད་པའི་ད་ལྟའི་གནས་སྟངས་ལ་རྟོག་ཞིབ་རྒྱུས་ལོན་ཡོང་ཆེད། ཚོགས་འབྲེལ་རང་དབང་དང་ཞི་བའི་འདུ་འཛོམ་རང་དབང་གི་ཐོབ་ཐང་ཐད་ཀྱི་རྒྱལ་ཚོགས་ཀྱི་དམིགས་བསལ་སྙན་སྒྲོན་པ་བོད་ཁུལ་དུ་ཕེབས་འཇུག་དགོས།