14/07/2020

བོད་དོན་ལས་འགུལ་བ་ཟླ་བ་སྒྲོལ་མ། “ངེད་རང་ལ་མཚོན་ན། ཞི་རྒོལ་ཐོབ་ཐང་ནི་སྨྲ་བརྗོད་རང་དབང་གི་གྲུབ་ཆ་གཞན་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད།”

  •   
  •  
  •  
  •  
  •  
  •  
  •  

གཟའ་འཁོར་འདིའི་ཞི་རྒོལ་ཐོབ་ཐང་ལས་འགུལ་ནང་མཉམ་ཞུགས་གནང་མཁན་ཟླ་བ་སྒྲོལ་མ་ནི་སློབ་ཆེན་སློབ་མ་ཞིག་དང་བོད་དོན་ལས་འགུལ་བ་ཞིག་ཡིན་པ་དང་། ཞི་རྒོལ་ཐོབ་ཐང་གི་ལས་འགུལ་འདིའི་དགོས་དམིགས་གཙོ་བོ་དྲང་བདེན་མིན་པར་གཉའ་གནོན་ཐེབས་མཁན་བོད་དོན་ལས་འགུལ་བ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་གྱི་ལོ་རྒྱུས་གཏམ་བརྒྱུད་སྤེལ་ནས་ཞི་རྒོལ་གྱི་རང་ཚུགས་དང་བློ་སྤོབས་བསྐྱེད་རྒྱུ་དེ་ཡིན།

ཟླ་བ་སྒྲོལ་མ་ལ་དྭགས་ནང་སྐྱེས་ཤིང་འཚར་ལོང་བྱུང་བ་རེད། ཁོ་མོ་ཆབ་སྲིད་ཚན་རིག་སྡེ་ཁག་ནས་སློབ་མཐར་ཕྱིན་པ་དང་། དེ་ཡང་གཙོ་བོ་འཛམ་གླིང་ཡུལ་གྲུ་གང་སར་བྱུང་བའི་ངོས་འཛིན་ཆབ་སྲིད་རིག་པ་(identity politics)དང་གནམ་གཤིས་འགྱུར་ལྡོག སྤྱི་དམངས་རིང་ལུགས་ཀྱི་ལས་འགུལ་(populist movement)བཅས་ཀྱི་སྐོར་ལ་སློབ་གཉེར་གནང་བ་དང་། ད་ལྟ་ཕ་ཡུལ་ལ་དྭགས་ནང་རང་དབང་ཉམས་ཞིབ་པ་དང་རང་དབང་གསར་འགོད་ཀྱི་ཕྱག་ལས་གནང་མུས་ཡིན་པ་རེད།

སློབ་ཆེན་སློབ་མ་ཞིག་གི་ངོས་ནས་ཁོ་མོས། “རྒྱ་ནག་དམར་ཤོག་སྲིད་གཞུང་གིས་བོད་ལ་ཁྲིམས་འགལ་བཙན་འཛུལ་བྱས་ནས། བོད་ནང་ལོགས་ཀྱི་བོད་མི་རིག་གཞུང་དང་བཅས་པ་རྒྱ་བསྒྱུར་དང་། འདས་པའི་མི་ལོ་༦༠ ལྷག་རིང་རྒྱ་ནག་ཧན་མི་རིགས་ཕུད་པའི་གྲངས་ཉུང་མི་རིགས་ཁག་ཚང་མ་རྒྱ་ནག་དམར་ཤོག་སྲིད་གཞུང་གི་སྒེར་གཅོད་དབང་སྒྱུར་འོག་ཏུ་བཅུག”པར་ཞི་རྒོལ་སྐད་འབོད་གནང་བར་བརྟེན་ནས། ཁོ་མོ་འཛིན་བཟུང་བཀག་ཉེར་ཐེབས་པ་རེད།

ཟླ་བ་སྒྲོལ་མ་ཐེངས་འདིའི་ཞི་རྒོལ་ཐོབ་ཐང་ལས་འགུལ་ནང་མཉམ་ཞུགས་ཀྱིས་རྒྱ་གཞུང་ལ་འབོད་སྐུལ་གནང་དོན།

༡༽ ཞི་བའི་འདུ་འཛོམ་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཡིག་རྩ་འཛིན་དང་འགལ་བའི་རྒྱ་གཞུང་གི་ལག་བསྟར་སྲིད་ཇུས་ཁག་མྱུར་དུ་མཚམས་འཇོག་དགོས།

༢༽ ཞི་རྒོལ་བར་བཙན་དབང་གིས་དྲག་གནོན་དང་བཀག་བསྐྱིལ་བྱེད་ཐབས་ཀྱི་སྲིད་ཇུས་མེད་པར་བཟོ་དགོས།

༣༽ ཞི་རྒོལ་བ་གང་བྱུང་བཀག་ཉར་དང་མནར་གཅོད་གཏོང་མཁན་སྲིད་གཞུང་གི་དཔོན་རིགས་ཚོར་ཉེས་ཆད་འགེལ་དགོས།

༤༽ བཙན་དབང་འོག་གར་སོང་ཆ་མེད་དུ་འགྱུར་རིགས་འགོག་པའི་རྒྱལ་སྤྱིའི་སྤྱི་ཆིངས་དང་། སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས་གཉིས་ལ་ལག་བསྟར་ཆོག་མཆན་འགོད་དགོས།

༥༽ ཞི་བའི་འདུ་འཛོམ་དང་ཚོགས་འཛུགས་རང་དབང་གི་ཐོབ་ཐང་ཐད་ཀྱི་རྒྱལ་ཚོགས་ཀྱི་དམིགས་བསལ་སྙན་སྒྲོན་པ་གདད་ཞུ་ཞུས་ནས། ད་ལྟའི་བོད་ནང་གི་ཞི་བའི་འདུ་འཛོམ་རང་དབང་ཐོབ་ཐང་གི་དངོས་ཡོད་གནས་སྟངས་ལ་རྟོག་ཞིབ་རྒྱུས་ལོན་བྱེད་དུ་འཇུག་དགོས།

ཕྱི་ཟླ་༥ ཚེས་༣ ཉིན་ནས་འདི་ག་ལྟེ་གནས་ཁང་གིས་ཞི་རྒོལ་ཐོབ་ཐང་གི་ལས་འགུལ་འགོ་བཙུགས་ཏེ། བོད་མིའི་ཞི་རྒོལ་སྙིང་སྟོབས་དང་སེམས་ཤུགས་བཅས་མཚོན་པའི་བྱུང་རིམ་ལོ་རྒྱུས་འགྲེམ་སྤེལ་གྱིས། ད་ཆར་རྒྱ་གཞུང་གིས་ཏོག་དབྱིབས་ནད་དུག་གི་གོ་སྐབས་བེད་སྤྱད་ནས། བོད་ནང་དུ་ཞི་བའི་ཐོག་ནས་འདོད་མོས་མེད་པའི་རྣམ་འགྱུར་ཇི་འདྲ་ཞིག་བསྟན་ནའང་། དེ་ལ་ཚབས་ཆེའི་དྲག་གནོན་དང་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པ་སྦེད་ཐབས་ཀྱི་སྒྲིབ་གཡོག་བཤུས་ཏེ། བོད་མིའི་སྨྲ་བརྗོད་རང་དབང་གསལ་འདོན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།

འདི་ལོའི་ཕྱི་ཟླ་༡༢ ཚེས་༡༠ ཉིན་ཏེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོའི་བར་དུ། ཐེངས་འདིའི་ལས་འགུལ་བརྒྱུད་བོད་དོན་ལས་འགུལ་བ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གནང་མཁན་མི་སྣ་༣༠ ཡི་རེ་འདུན་དང་བློ་སྤོབས། ཞི་རྒོལ་བཅས་ཀྱི་གནས་ཚུལ་རིམ་པར་སྤེལ་འཆར་ཡོད།