15/07/2020

བོད་དོན་ལས་འགུལ་བ་མགོན་པོ་དོན་འགྲུབ་ནས་རྒྱ་གཞུང་གིས་བོད་ལ་ཁྲིམས་འགལ་བཙན་འཛུལ་བྱས་པར་ཞི་རྒོལ་འབོད་སྐུལ་གནང་། 

  •   
  •  
  •  
  •  
  •  
  •  
  •  
བོད་དོན་ལས་འགུལ་བ་མགོན་པོ་དོན་འགྲུབ།

“འགོག་རྒོལ་ལས་འགུལ་དང་བདེན་པའི་ཨུ་ཚུགས་ལས་འགུལ། ཞི་རྒོལ་ལས་འགུལ་བཅས་ནི་རྒྱ་གཞུང་གི་ཧམ་འཛུལ་ལས་བོད་རང་དབང་གི་མངོན་འདོད་སྒྲུབ་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གལ་ཆེའི་འཐབ་ཇུས་ཤིག་ཡིན།”

བོད་དོན་ལས་འགུལ་བ་མགོན་པོ་དོན་འགྲུབ་ནས། ཁོང་གིས་འགོ་ཁྲིད་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་བདེན་པའི་ཨུ་ཚུགས་ལས་འགུལ་དང་ཞི་རྒོལ་ལས་འགུལ་སྤེལ་བའི་མངོན་འདོད་གསལ་བརྗོད་གནང་ཡོད། ཁོང་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཡིན་ཞིང་། གཞོན་ནུ་ལྷན་ཚོགས་ནི་རྒྱ་གར་བྱང་ཕྱོགས་དྷ་རམ་ས་ལར་རྟེན་གཞི་བྱས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་ཡིན་པ་རེད།

“ང་ཚོའི་ཆེད་གཉེར་ལས་དོན་གཙོ་བོ་ནི་བོད་རང་བཙན་སླར་གསོ་བྱེད་རྒྱུ་དེ་ཡིན་པ་རེད། གནད་དོན་འདིའི་ཐོག་མའི་འབྱུང་རྐྱེན་རྒྱ་ནག་གིས་བོད་ལ་དབང་བསྒྱུར་བ་དེ་ནི་ཁྲིམས་འགལ་ཡིན་པ་དང་། འདས་པའི་མི་ལོ་༧༠ རིང་ལ་རྒྱ་ནག་གིས་བོད་ཀྱི་སྲིད་དབང་ཡོངས་སུ་རྫོགས་པར་སྟངས་འཛིན་བྱས་ཡོད། རྒྱ་དམར་གཞུང་གི་གདུག་རྩུབ་འོག་བོད་ལ་དབང་བསྒྱུར་བའི་དྲང་བདེན་ལོག་སྤྱོད་དེ་མཇུག་སྒྲིལ་དགོས་པ་རེད།

“ཞི་རྒོལ་ཐོབ་ཐང་ནི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཞིག་ཡིན་ཞིང་། རྒྱ་ནག་དམར་ཤོག་སྲིད་གཞུང་གི་སྟངས་འཛིན་འོག་བོད་ནང་དུ་ཞི་རྒོལ་ཐོབ་ཐང་རྩ་བ་ནས་མེད་པ་རེད།

བཙན་བྱོལ་དུ་འཚར་ལོང་བྱུང་ཞིང་བོད་ཀྱི་མི་རབས་གསུམ་པ་ལྟ་བུ་ཆགས་པའི་མགོན་པོ་དོན་འགྲུབ་ཐེངས་མང་པོར་བོད་དོན་ལས་འགུལ་ནང་ཞུགས་ནས་ཐེངས་འགར་བཀག་བསྐྱིལ་ཐེབས་མྱོང་ཡོད་པ་རེད།

ཁོང་གིས་ཡིད་ཆེས་གནང་དོན། “རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་དང་སྤྱི་ཚོགས། སྲིད་དོན། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གདལ་བཤིག་གཏོང་བཞིན་པར་ང་ཚོས་ནུས་པ་ལྡན་པའི་ཞི་རྒོལ་ལས་འགུལ་སྤེལ་གྱི་ཡོད་པ་མ་ཟད། གོ་ལ་ཁྱོན་ཡོངས་ནས་རྒྱ་གཞུང་གིས་སོ་སོའི་བསམ་སྦྱོར་གྱི་འགན་འཁུར་དགོས་པའི་གནོན་ཤུགས་སྤྲོད་ཀྱི་ཡོད་པ་རེད།”

མགོན་པོ་དོན་འགྲུབ་ཐེངས་འདིའི་ཞི་རྒོལ་ཐོབ་ཐང་ལས་འགུལ་ནང་མཉམ་ཞུགས་ཀྱིས་རྒྱ་གཞུང་ལ་འབོད་སྐུལ་གནང་དོན།

༡༽ ཞི་བའི་འདུ་འཛོམ་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་ཡོངས་སུ་འགལ་བའི་རྒྱ་གཞུང་གི་ལག་བསྟར་སྲིད་ཇུས་ཁག་འཕྲལ་དུ་མཚམས་འཇོག་དགོས།

༢༽ ཞི་རྒོལ་ལས་འགུལ་བར་དྲག་གནོན་དང་བཀག་བསྐྱིལ་བྱེད་ཐབས་ཀྱི་སྲིད་ཇུས་མེད་པར་བཟོ་དགོས།

༣༽ ཞི་རྒོལ་ལས་འགུལ་བ་གང་བྱུང་བཀག་བསྐྱིལ་དང་སྡུག་སྦྱོང་མནར་གཅོད་གཏོང་མཁན་རྒྱ་ནག་སྲིད་གཞུང་གི་དབང་འཛིན་དཔོན་རིགས་ཚོར་དུས་ཐོག་ཉེས་ཆད་འགེལ་དགོས།

༤༽ བཙན་དབང་འོག་གར་སོང་ཆ་མེད་དུ་འགྱུར་རིགས་འགོག་པའི་རྒྱལ་སྤྱིའི་སྤྱི་ཆིངས་དང་། སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས་གཉིས་ལ་ལག་བསྟར་ཆོག་མཆན་འགོད་དགོས།

༥༽ ཞི་བའི་འདུ་འཛོམ་རང་དབང་དང་ཚོགས་འཛུགས་རང་དབང་གི་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་རྒྱལ་ཚོགས་ཀྱི་དམིགས་བསལ་སྙན་སྒྲོན་པ་གདན་ཞུ་ཞུས་ནས་བོད་ནང་དུ་ཞི་བའི་འདུ་འཛོམ་རང་དབང་གི་དངོས་ཡོད་གནས་སྟངས་ལ་རྟོག་ཞིབ་གནང་དུ་འཇུག་དགོས།ཕྱི་ཟླ་༥ ཚེས་༣ ཉིན་ནས་འདི་ག་ལྟེ་གནས་ཁང་གིས་ཞི་རྒོལ་ཐོབ་ཐང་གི་ལས་འགུལ་འགོ་བཙུགས་ཏེ། བོད་མིའི་ཞི་རྒོལ་སྙིང་སྟོབས་དང་སེམས་ཤུགས་བཅས་མཚོན་པའི་བྱུང་རིམ་ལོ་རྒྱུས་འགྲེམ་སྤེལ་གྱིས། ད་ཆར་རྒྱ་གཞུང་གིས་ཏོག་དབྱིབས་ནད་དུག་གི་གོ་སྐབས་བེད་སྤྱད་ནས། བོད་ནང་དུ་ཞི་བའི་ཐོག་ནས་འདོད་མོས་མེད་པའི་རྣམ་འགྱུར་ཇི་འདྲ་ཞིག་བསྟན་ནའང་། དེ་ལ་ཚབས་ཆེའི་དྲག་གནོན་དང་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པ་སྦེད་ཐབས་ཀྱི་སྒྲིབ་གཡོག་བཤུས་ཏེ། བོད་མིའི་སྨྲ་བརྗོད་རང་དབང་གསལ་འདོན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།

འདི་ལོའི་ཕྱི་ཟླ་༡༢ ཚེས་༡༠ ཉིན་ཏེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོའི་བར་དུ། ཐེངས་འདིའི་ལས་འགུལ་བརྒྱུད་བོད་དོན་ལས་འགུལ་བ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གནང་མཁན་མི་སྣ་༣༠ ཡི་རེ་འདུན་དང་བློ་སྤོབས། ཞི་རྒོལ་བཅས་ཀྱི་གནས་ཚུལ་རིམ་པར་སྤེལ་འཆར་ཡོད།