03/08/2020

བོད་དོན་ལས་འགུལ་བ་བསྟན་འཛིན་བསོད་ནམས། ཞི་རྒོལ་ཐོབ་ཐང་ལོངས་སུ་སྤྱད་ནས་དྲང་བདེན་ལ་རྒྱབ་སྐྱོར་བྱེད།

  •   
  •  
  •  
  •  
  •  
  •  
  •  

“ཐོབ་ཐང་ལ་རྒྱབ་སྐྱོར་མི་བྱེད་མཁན་ནི་གཤིན་པོ་གཅིག་པ་རེད། དྲང་སྙོམ་ལ་རྒྱབ་སྐྱོར་མི་བྱེད་མཁན་ནི་གཤིན་པོ་གཅིག་པ་རེད། བདེན་པར་རྒྱབ་སྐྱོར་མི་བྱེད་མཁན་ནི་གཤིན་པོ་གཅིག་པ་རེད།”

གཟའ་འཁོར་འདིའི་ཞི་རྒོལ་ཐོབ་ཐང་ལས་འགུལ་ནང་མཉམ་ཞུགས་གནང་མཁན་བསྟན་འཛིན་བསོད་ནམས་ཀྱིས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་གྲགས་ཅན་མར་ཊེན་ལུ་ཐིར་ཁེན་(Martin Luther King Jr)གྱི་ལེགས་བཤད་ལུང་དུ་དྲངས་ནས། བྱམས་བརྩེ་དང་དྲང་བདེན་གྱི་སྤྱི་ཚོགས་ཤིག་བསྐྲུན་ཐབས་སུ་ཞི་རྒོལ་གྱི་གཞི་རྩའི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་གལ་ཆེན་ཡིན་པ་བསྟན།

བསྟན་འཛིན་བསོད་ནམས་ནི་བྱང་ཨ་རིའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་དང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གནང་མཁན་ཞིག་རེད། མོས་ཨ་རིའི་ཝ་ཤིན་ཊོན་ཁྲིམས་ལུགས་སློབ་ཆེན་ནས་འགྲོ་བ་མིའི་ཐོབ་ཐང་དང་ཕོ་མོའི་རྟགས་དབྱེ་བའི་སྐོར་ལ་སློབ་གཉེར་གནང་བ་དང་། ཕྱིས་སུ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་དང་ཡུ་རོབ་སྤྱི་མཐུན་ཚོགས་པ། འགྲོ་བ་མིའི་ཐོབ་ཐང་ཚན་པར་ཕྱག་ལས་གནང་མྱོང་བ་རེད།

རྒྱ་གར་ཧི་མ་ལ་ཡ་རི་རྒྱུད་ཀྱི་བོད་མིའི་གཞིས་གྲོང་དུ་འཚར་ལོང་བྱུང་བ་ཞིག་ཡིན་པའི་ཆ་ནས། བོད་མིའི་སྒེར་ལངས་ལས་འགུལ་ཆེ་ཁག་སུམ་བཅུའི་དུས་དྲན་དང་བུད་མེད་སྒེར་ལངས་ལས་འགུལ་གྱི་དུས་དྲན་སོགས་ཀྱི་སྐབས་སུ། བསྟན་འཛིན་བསོད་ནམས་ཕ་མས་རྒྱབ་ཏུ་ཁུར་ནས་སྐད་འབོད་ལ་ཕྱིན་མྱོང་བ་རེད།

འཇིགས་སྐྲག་མེད་པར་སྐྱེ་བོ་སོ་སོའི་བསམ་ཚུལ་བརྗོད་རྒྱུ་དང་ཞི་རྒོལ་གནང་རྒྱུ་ནི་བསྟན་འཛིན་བསོད་ནམས་ཀྱིས་གཙིགས་ཆེར་འཛིན་པའི་ཐོབ་ཐང་ཡིན་པ་རེད། མོས་བརྗོད་དོན། “ལོ་ན་ཆུང་དུས་ང་རང་བསོད་ནམས་ཆེན་པོ་ཡིན་སྐོར་ལབ་མྱོང་བ་ངས་དྲན་གྱི་འདུག འཚར་ལོང་བྱུང་རྗེས་རང་ཉིད་དངོས་གནས་བསོད་ནམས་ཆེན་པོ་ཡིན་པ་ཤེས་སོང་། རྒྱ་མཚན་ང་ལ་བདོག་པའི་སྨྲ་བརྗོད་རང་དབང་དང་ཞི་རྒོལ་ཐོབ་ཐང་ཁག་བོད་ནང་གི་བོད་མི་གཙོས་འཛམ་གླིང་སྒང་གི་མི་མང་བརྒྱ་ཕྲག་སྟོང་ཕྲག་མང་པོར་མེད་པ་རེད།”

བསྟན་འཛིན་བསོད་ནམས་ཐེངས་འདིའི་ཞི་རྒོལ་ཐོབ་ཐང་ལས་འགུལ་ནང་མཉམ་ཞུགས་ཀྱིས་རྒྱ་གཞུང་ལ་བོད་སྐུལ་གནང་དོན།

༡༽ ཞི་བའི་འདུ་འཛོམ་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཡིག་རྩ་འཛིན་དང་འགལ་བའི་རྒྱ་གཞུང་གི་ལག་བསྟར་སྲིད་ཇུས་ཁག་མྱུར་དུ་མཚམས་འཇོག་དགོས།

༢༽ ཞི་རྒོལ་བར་བཙན་དབང་གིས་དྲག་གནོན་དང་བཀག་བསྐྱིལ་བྱེད་ཐབས་ཀྱི་སྲིད་ཇུས་མེད་པར་བཟོ་དགོས།

༣༽ ཞི་རྒོལ་བ་གང་བྱུང་བཀག་ཉར་དང་མནར་གཅོད་གཏོང་མཁན་སྲིད་གཞུང་གི་དཔོན་རིགས་ཚོར་ཉེས་ཆད་འགེལ་དགོས།

༤༽ བཙན་དབང་འོག་གར་སོང་ཆ་མེད་དུ་འགྱུར་རིགས་འགོག་པའི་རྒྱལ་སྤྱིའི་སྤྱི་ཆིངས་དང་། སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས་གཉིས་ལ་ལག་བསྟར་ཆོག་མཆན་འགོད་དགོས།

༥༽ ཞི་བའི་འདུ་འཛོམ་དང་ཚོགས་འཛུགས་རང་དབང་གི་ཐོབ་ཐང་ཐད་ཀྱི་རྒྱལ་ཚོགས་ཀྱི་དམིགས་བསལ་སྙན་སྒྲོན་པ་གདད་ཞུ་ཞུས་ནས། ད་ལྟའི་བོད་ནང་གི་ཞི་བའི་འདུ་འཛོམ་རང་དབང་ཐོབ་ཐང་གི་དངོས་ཡོད་གནས་སྟངས་ལ་རྟོག་ཞིབ་རྒྱུས་ལོན་བྱེད་དུ་འཇུག་དགོས།

ཕྱི་ཟླ་༥ ཚེས་༣ ཉིན་ནས་འདི་ག་ལྟེ་གནས་ཁང་གིས་ཞི་རྒོལ་ཐོབ་ཐང་གི་ལས་འགུལ་འགོ་བཙུགས་ཏེ། བོད་མིའི་ཞི་རྒོལ་སྙིང་སྟོབས་དང་སེམས་ཤུགས་བཅས་མཚོན་པའི་བྱུང་རིམ་ལོ་རྒྱུས་འགྲེམ་སྤེལ་གྱིས། ད་ཆར་རྒྱ་གཞུང་གིས་ཏོག་དབྱིབས་ནད་དུག་གི་གོ་སྐབས་བེད་སྤྱད་ནས། བོད་ནང་དུ་ཞི་བའི་ཐོག་ནས་འདོད་མོས་མེད་པའི་རྣམ་འགྱུར་ཇི་འདྲ་ཞིག་བསྟན་ནའང་། དེ་ལ་ཚབས་ཆེའི་དྲག་གནོན་དང་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པ་སྦེད་ཐབས་ཀྱི་སྒྲིབ་གཡོག་བཤུས་ཏེ། བོད་མིའི་སྨྲ་བརྗོད་རང་དབང་གསལ་འདོན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།

འདི་ལོའི་ཕྱི་ཟླ་༡༢ ཚེས་༡༠ ཉིན་ཏེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོའི་བར་དུ། ཐེངས་འདིའི་ལས་འགུལ་བརྒྱུད་བོད་དོན་ལས་འགུལ་བ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གནང་མཁན་མི་སྣ་༣༠ ཡི་རེ་འདུན་དང་བློ་སྤོབས། ཞི་རྒོལ་བཅས་ཀྱི་གནས་ཚུལ་རིམ་པར་སྤེལ་འཆར་ཡོད།