28/09/2020

བོད་དོན་ལ་གཞོགས་འདེགས་ཡོང་ཆེད་གཞོན་སྐྱེས་ཚོས་ངེས་པར་དུ་སྨྲ་བརྗོད་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་འོས། བོད་དོན་ལས་འགུལ་བ་བསྟན་འཛིན་ཆོས་དབྱངས།

  •   
  •  
  •  
  •  
  •  
  •  
  •  

“ཐེངས་ཤིག་ངས་མདུན་ངོས་སུ་བོད་ཀྱི་རྒྱལ་དར་དང་རྒྱབ་ལོགས་སུ་བོད་རང་དབང་ཞེས་བྲིས་པའི་སྟོད་ཐུང་ཞིག་གྱོན་སྐབས། ཨ་ཕས་ང་ལ་དེ་འདྲ་གོན་ནས་ཕྱི་ལོགས་སྲང་ལམ་ཁག་ཏུ་མ་འགྲོ། ཉེན་རྟོག་པས་འཇུ་ཡི་རེད་གསུང་སོང་། དེ་ནི་བལ་ཡུལ་ནང་བོད་མིའི་སྨྲ་བརྗོད་ཐོབ་ཐང་ལ་དམ་དྲག་ཡོད་པར་ངས་ཐེངས་དང་པོར་དོ་སྣང་བྱུང་བ་ཡིན། འོན་ཀྱང་ངས་དེ་ལ་དོ་སྣང་མ་བྱས་པར་རང་འདོད་ལྟར་གྱོན་པ་ཡིན། འདི་ནི་ངས་བལ་ཡུལ་ནང་གི་བོད་མིའི་སྨྲ་བརྗོད་ཐོབ་ཐང་གི་གནས་སྟངས་དངོས་ལ་དོ་སྣང་བྱུང་བ་ཐེངས་དང་པོ་ཡིན་ལ། ད་ཆར་ཡང་བོད་མིར་སྨྲ་བརྗོད་ཀྱི་ཐོབ་ཐང་མེད་པའི་དཀའ་ཁག་རང་འཇགས་ཡིན་དུས། བལ་ཡུལ་ནང་བོད་དོན་དང་འབྲེལ་བའི་སྨྲ་བརྗོད་རང་དབང་གི་ཐོབ་ཐང་མེད་པ་རེད།”

གཟའ་འཁོར་འདིའི་ཞི་རྒོལ་ཐོབ་ཐང་ལས་འགུལ་ནང་མཉམ་ཞུགས་གནང་མཁན་བསྟན་འཛིན་ཆོས་དབྱངས་ནི་བལ་ཡུལ་དུ་སྐྱེས་ཤིང་ད་ཆར་ཨ་རིའི་ས་ཁུལ་བྷེ་ཨེ་རེ་ཡར་གནས་སྡོད་བྱས་ཡོད་པ་རེད། བསྟན་འཛིན་ཆོས་དབྱངས་ཆུང་དུས་ནས་བོད་དོན་ལས་འགུལ་དོན་གཉེར་གནང་མཁན་ཞིག་དང་། ད་ལྟ་ནུབ་རྒྱ་མཚོའི་མཚོ་འགྲམ་གྱི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་ཡིན་པ་རེད། ཁོང་ནམ་ཞར་ཞི་རྒོལ་ལས་འགུལ་ནང་མཉམ་ཞུགས་ཀྱིས། གཞི་རིམ་སྤྱི་ཚོགས་ཁག་ནང་བོད་དོན་གྱི་གོ་རྟོགས་སྤེལ་ཐབས་ཀྱི་སྤྱི་ཚོགས་ཞབས་ཞུ་སྒྲུབ་ཀྱི་ཡོད་འདུག

“ལར་སྨྲ་བརྗོད་རང་དབང་གི་ཐོབ་ཐང་ནི་ཧ་ཅང་གལ་འགངས་ཆེན་པོ་ཡིན་པ་ལྟར། འདི་གར་སྨྲ་བརྗོད་ཀྱི་ཐོབ་ཐང་ཡོད་དུས། འདི་ནི་གཞོན་སྐྱེས་ཚོས་སོ་སོའི་བསམ་བརྗོད་རང་དབང་ལོངས་སུ་སྤྱོད་པའི་མདུན་སྐྱོད་ཀྱི་གོམ་སྟབས་ཤིག་རེད་བསམ།

“ཁྱོད་ལ་མི་མང་གིས་འགན་དུ་སྲུང་བའི་ཞི་རྒོལ་གྱི་རང་དབང་དང་ཐོབ་ཐང་ཡོད་པ་དང་། དེ་ནི་གཞོན་སྐྱེས་ཚོས་ལོངས་སུ་སྤྱོད་དགོས་ངེས་ཀྱི་སྒེར་དབང་ཐོབ་ཐང་ཡིན་པས། ངའི་བསམ་པར་གལ་ཏེ་ཁྱོད་ཀྱིས་ཞི་རྒོལ་བྱེད་ཀྱི་མེད་ན། ངས་ཁྱོད་ལ་ཞི་རྒོལ་ཐོབ་ཐང་ལོངས་སུ་སྤྱོད་རོགས་ཞེས་ཞུ་འདོད་བྱུང་།”

བསྟན་འཛིན་ཆོས་དབྱངས་ཐེངས་འདིའི་ཞི་རྒོལ་ཐོབ་ཐང་ལས་འགུལ་ནང་མཉམ་ཞུགས་ཀྱིས་རྒྱ་གཞུང་ལ་འབོད་སྐུལ་གནང་དོན།

༡༽ ཞི་བའི་འདུ་འཛོམ་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཡིག་རྩ་འཛིན་དང་འགལ་བའི་རྒྱ་གཞུང་གི་ལག་བསྟར་སྲིད་ཇུས་ཁག་མྱུར་དུ་མཚམས་འཇོག་དགོས།

༢༽ ཞི་རྒོལ་བར་བཙན་དབང་གིས་དྲག་གནོན་དང་བཀག་བསྐྱིལ་བྱེད་ཐབས་ཀྱི་སྲིད་ཇུས་མེད་པར་བཟོ་དགོས།

༣༽ ཞི་རྒོལ་བ་གང་བྱུང་བཀག་ཉར་དང་མནར་གཅོད་གཏོང་མཁན་སྲིད་གཞུང་གི་དཔོན་རིགས་ཚོར་ཉེས་ཆད་འགེལ་དགོས།

༤༽ བཙན་དབང་འོག་གར་སོང་ཆ་མེད་དུ་འགྱུར་རིགས་འགོག་པའི་རྒྱལ་སྤྱིའི་སྤྱི་ཆིངས་དང་། སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས་གཉིས་ལ་ལག་བསྟར་ཆོག་མཆན་འགོད་དགོས།

༥༽ ཞི་བའི་འདུ་འཛོམ་དང་ཚོགས་འཛུགས་རང་དབང་གི་ཐོབ་ཐང་ཐད་ཀྱི་རྒྱལ་ཚོགས་ཀྱི་དམིགས་བསལ་སྙན་སྒྲོན་པ་གདད་ཞུ་ཞུས་ནས། ད་ལྟའི་བོད་ནང་གི་ཞི་བའི་འདུ་འཛོམ་རང་དབང་ཐོབ་ཐང་གི་དངོས་ཡོད་གནས་སྟངས་ལ་རྟོག་ཞིབ་རྒྱུས་ལོན་བྱེད་དུ་འཇུག་དགོས།

ཕྱི་ཟླ་༥ ཚེས་༣ ཉིན་ནས་འདི་ག་ལྟེ་གནས་ཁང་གིས་ཞི་རྒོལ་ཐོབ་ཐང་གི་ལས་འགུལ་འགོ་བཙུགས་ཏེ། བོད་མིའི་ཞི་རྒོལ་སྙིང་སྟོབས་དང་སེམས་ཤུགས་བཅས་མཚོན་པའི་བྱུང་རིམ་ལོ་རྒྱུས་འགྲེམ་སྤེལ་གྱིས། ད་ཆར་རྒྱ་གཞུང་གིས་ཏོག་དབྱིབས་ནད་དུག་གི་གོ་སྐབས་བེད་སྤྱད་ནས། བོད་ནང་དུ་ཞི་བའི་ཐོག་ནས་འདོད་མོས་མེད་པའི་རྣམ་འགྱུར་ཇི་འདྲ་ཞིག་བསྟན་ནའང་། དེ་ལ་ཚབས་ཆེའི་དྲག་གནོན་དང་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པ་སྦེད་ཐབས་ཀྱི་སྒྲིབ་གཡོག་བཤུས་ཏེ། བོད་མིའི་སྨྲ་བརྗོད་རང་དབང་གསལ་འདོན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།

འདི་ལོའི་ཕྱི་ཟླ་༡༢ ཚེས་༡༠ ཉིན་ཏེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོའི་བར་དུ། ཐེངས་འདིའི་ལས་འགུལ་བརྒྱུད་བོད་དོན་ལས་འགུལ་བ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གནང་མཁན་མི་སྣ་༣༠ ཡི་རེ་འདུན་དང་བློ་སྤོབས། ཞི་རྒོལ་བཅས་ཀྱི་གནས་ཚུལ་རིམ་པར་སྤེལ་འཆར་ཡོད།