17/01/2021

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱལ་སྤྱིའི་མནར་གཅོད་འགོག་པའི་ཉིན་མོར་སྤེལ་བའི་བསྒྲགས་གཏམ།

  •   
  •  
  •  
  •  
  •  
  •  
  •  

pictureའདི་ལོའི་ཕྱི་ཟླ་གསུམ་པའི་ནང་མིང་ལ་བཀྲ་ཤིས་ཟེར་ཞིང་ལོ་ན་སུམ་ཅུར་སོན་པའི་བོད་མི་ཞིག་ལ་རྒྱ་གཞུང་སྤྱི་བདེ་མི་སྣས་བཀག་བསྐྱིལ་ཁང་དུ་མནར་གཅོད་ཚད་མེད་བཏང་བས་མ་བཟོད་པར་རང་སྲོག་བཅད་པའི་གནས་ཚུལ་བྱུང་ཡོད་ལ། ཟླ་དེའི་ནང་ཡང་བསྐྱར་མིང་ལ་དངོས་གྲུབ་ཕུན་ཚོགས་སམ་དངོས་དགའ་ཟེར་བའི་ལོ་ན་དྲུག་ཅུ་རེ་གཅིག་ལ་སོན་པའི་བོད་མི་ཞིག་ལོ་ངོ་བརྒྱད་རིང་བཙོན་འཇུག་བྱས་མཐར་གློད་གྲོལ་བཏང་མོད། བཙོན་ཁང་ནས་གློད་སྐབས་ཁོང་གི་རྐང་པ་དང་སྐེད་པ་ཞ་འཐེང་ཆགས་ཡོད། གཞན་ཡང་ཁོང་གློད་གྲོལ་མ་བཏང་སྔོན་གྱི་བདུན་ཕྲག་ཁ་ཤས་གོང་རྒྱ་གཞུང་བཙོན་སྲུང་བ་ཚོས་དགེ་འདུན་པ་འཇིགས་མེད་རྒྱ་མཚོའམ་འཇིགས་མེད་མགོ་རིལ་གློ་བུར་དུ་སྨན་བཅོས་བྱ་བར་བཙན་ཁྲིད་བྱས་ཡོད། སྐབས་དེར་འཇིགས་མེད་རྒྱ་མཚོ་ཁོང་བཙོན་ཁང་ནས་གློད་པའི་དུས་ལ་སླེབས་པར་ཟླ་བ་དྲུག་ལས་མེད། འཇིགས་མེད་རྒྱ་མཚོ་ལ་མཚོན་ན་ཁོང་གིས་བོད་ནང་དུ་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་ཚུལ་དང་། ལྷག་པར་དུ་རྒྱ་གཞུང་གིས་བོད་ནང་བོད་མི་ཚོར་མནར་གཅོད་གཏོང་བའི་གནས་ཚུལ་ཕྱིར་བསྒྲགས་བྱས་པས་ཁོང་ལ་ལོ་ལྔའི་བཙོན་འཇུག་ཁྲིམས་ཆད་བཅད་ཡོད། ད་ཆ་ཁོང་ལ་སྨན་བཅོད་བྱེད་ཐབས་ཀྱི་རྣམ་པ་སྤྱད་ནས་མནར་གཅོད་གཏོང་བའམ་ཡང་ན་དགོས་མེད་ཉེན་ཚབས་ཆེ་བའི་སྨན་བཅོས་བྱེད་ཐབས་སྤྱད་མི་ཡོང་ངམ་སྙམ་པའི་དོགས་པ་དང་བློ་འཚབ་སྐྱེ་དགོས་པའི་གནས་སུ་གྱར་ཡོད། དེ་བཞིན་མིང་ལ་སྒྲོལ་མ་མཚོ་ཟེར་བའི་ལོ་ན་སུམ་ཅུ་ཅན་གྱི་བུད་མེད་ཅིག་ཀྱང་བཙན་གྱིས་སྨན་བཅོས་བྱ་བར་ཁྲིད་ཡོད་པས་ཁོང་གི་གནས་སྟངས་དང་གཅིག་མཚུངས་ཆགས་ཡོད། འདི་ལོའི་ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན་མིང་ལ་བཀྲ་ཤིས་དབང་ཕྱུག་ཟེར་བའི་ལོ་ན་སུམ་ཅུ་ཅན་གྱི་བོད་མི་ཞིག་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཡོང་ཐབས་ལ་ཞུ་གཏུགས་བྱས་པས། ཁོང་གསང་བའི་སྒོ་ནས་འཛིན་བཟུང་བཀག་ཉར་བྱས་ཏེ་ཁ་བྲལ་རིང་ལུགས་པའི་ནག་ཉེས་བཙན་འགེལ་བྱས་ཡོད། ཟླ་བ་སྔོན་མའི་ནང་མིང་ལ་བློ་བཟང་འཇམ་དབྱངས་སམ་སྙུག་མིང་ལ་བློ་མིག་ཟེར་བའི་རྩོམ་པ་པོ་ཞིག་ལ་རྒྱལ་ཁབ་ཀྱི་གསང་བ་ཕྱི་གྱར་དང་ཁ་བྲལ་གྱི་ལས་འགུལ་སྤེལ་བའི་ཉེས་མིང་གཡོགས་ཏེ་ལོ་བདུན་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཆད་བཅད་ཡོད། ཁོང་ཕྱི་ལོ་༢༠༡༥ ལོའི་ཕྱི་ཟླ་ལྔ་པ་ནས་གསང་བའི་སྒོ་ནས་འཛིན་བཟུང་བཀག་བསྐྱིལ་བྱས་ཡོད།

དེ་རིང་ང་ཚོས་རྒྱལ་སྤྱིའི་མནར་གཅོད་འགོག་པའི་ཉིན་མོ་སྲུང་བརྩི་བྱེད་ཀྱི་ཡོད་པ་ལྟར། གོང་དུ་བཤད་པ་བཞིན་ད་ལྟ་བར་གནས་ཚུལ་ཤེས་རྟོགས་བྱུང་དང་མ་བྱུང་ཅི་རིགས་ཀྱི་བོད་མི་བགྲང་ལས་འདས་པ་ཞིག་གིས་རང་ཉིད་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྤྱད་པའམ། ཡང་ན། ཁྲིམས་མཐུན་གྱི་ལས་འགུལ་སྤེལ་བ་ཙམ་གྱིས་ཁོང་ཚོར་ཁྲིམས་ཀྱི་སྲུང་སྐྱོབ་གང་ཡང་མེད་པར་མངོན་གསལ་དང་གསང་བ་ཅི་རིགས་ཀྱི་སྒོ་ནས་འཇུ་བཟུང་བཀག་ཉར་གྱིས་མནར་གཅོད་སྣ་ཚོགས་མྱོང་དགོས་ཐུག་གི་ཡོད། ཕྱི་ལོ་༢༠༡༥ ཕྱི་ཟླ་བདུན་པའི་ནང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་སྐུ་བཀྲོངས་བར་རྒྱལ་སྤྱིའི་ཐོག་ནས་སྐྱོན་བརྗོད་ཤུགས་ཆེན་བྱས་ཀྱང་། རྒྱ་གཞུང་གིས་ད་དུང་མུ་མཐུད་བོད་མི་ཚོར་མི་སྤྱོད་ལས་འདས་པའི་སྡུག་སྦྱོང་མནར་གཅོད་གཏོང་བ་དང་ཉེས་ཁྲིམས་སྣ་ཚོགས་གཅོད་རྒྱུ་མཚམས་འཇོག་བྱེད་ཀྱི་མེད།

མནར་གཅོད་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མནར་གཅོད་འགོག་པའི་ཁྲིམས་ཡིག་ནང་ཡོངས་གྲགས་ཀྱིས་བཀག་འགོག་བྱས་ཡོད། རྒྱུ་མཚན་བགྲང་ནས་མནར་གཅོད་གཏོང་བའི་གནས་སྟངས་དག་འབུལ་ཡོང་ཐབས་གཏན་ནས་མེད། མནར་གཅོད་ཀྱི་ཁྲིམས་ཡིག་གི་དོན་ཚན་གཉིས་པའི་ནང་གསེས་གཉིས་པའི་ནང་ ” དམག་འཁྲུག་གི་གནས་སྐབས་སམ། ཡང་ན། རྒྱལ་ཁབ་ཀྱི་སྲིད་དོན་གནས་བབས་བརྟན་ལྷིང་མིན་པའམ། སྤྱི་ཡོངས་ཀྱི་གནས་བབས་ཛ་དྲག་ཆགས་པ་སོགས་གནས་སྟངས་གང་འདྲ་ཞིག་ལ་འཕྲད་ཀྱང་མནར་གཅོད་ཀྱི་སྦྱོར་བ་རྩོམ་པར་དམིགས་བསལ་གཏན་ནས་མེད། ” ཅེས་འཁོད་ཡོད། ཕྱི་ལོ་༡༩༨༦ ལོར་རྒྱ་ནག་གཞུང་གིས་མནར་གཅོད་འགོག་པའི་ཁྲིམས་ཡིག་ལ་མིང་རྟགས་འཁོད་པ་དང་། ཕྱི་ལོ་༡༩༨༨ ལོར་དངོས་སུ་ལག་བསྟར་བྱ་བར་ཁས་ལེན་བྱས་ཡོད། སྤྱི་མང་དང་ཆབ་སྲིད་ཐོབ་ཐང་གི་རྒྱལ་སྤྱིའི་ཁྲིམས་ཡིག་དོན་ཚན་བདུན་པའི་ནང་ལའང་སྤྱི་ཡོངས་ཀྱི་གནས་བབས་ཛ་དྲག་སྐབས་སུ་འང་མནར་གཅོད་ཀྱི་སྦྱོར་བ་རྩོམ་མི་ཆོག་ཚུལ་བསྐྱར་ནན་ཞུས་ཡོད།

བོད་མི་མང་པོ་ཞིག་ལ་རྒྱལ་ཁབ་ཁ་བྲལ་གཏོང་བ་དང་སྲིད་དབང་མགོ་རྟིང་སློག་པའི་ལས་འགུལ་སྤེལ་བའི་ཉེས་འཛུགས་ཀྱིས་ཁྲིམས་ཆད་གཅོད་ཀྱི་ཡོད། རྒྱ་ནག་གཞུང་གིས་ཁ་བྲལ་རིང་ལུགས་དང་ཆབ་སྲིད་བརྟན་ལྷིང་མེད་པའི་གནད་དོན་ཐད་ནས་ལྟ་ཡི་ཡོད་ནའང་། ལྟ་ཚུལ་དེས་མནར་གཅོད་ཀྱི་སྦྱོར་བ་རྩོམ་ཆོག་པར་དག་སྐྱེལ་བྱ་ཐབས་མེད། བོད་མི་ཚོར་མཚོན་ན་འཛིན་བཟུང་བཀལ་བསྐྱིལ་བྱས་པའི་མི་དེ་བོད་མི་ཞིག་ཡིན་པའི་ཆ་ནས་མནར་གཅོད་གཏོང་གི་ཡོད་པ་ལ་ངོས་འཛིན་བྱེད་ཀྱི་ཡོད་ལ། རྒྱ་ནག་གཞུང་ལ་མཚོན་ན་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཡོད་པའི་ལྟ་སྟངས་འཛིན་གྱི་ཡོད། ཕྱི་ལོ་༢༠༠༥ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མནར་གཅོད་སྐོར་གྱི་དམིགས་བསལ་སྙན་སྒྲོན་པ་བོད་དང་རྒྱ་ནག་ནང་ལྟ་སྐོར་ལ་ཕྱིན་ཏེ་སྙན་ཐོ་བཏོན་པ་ནས་ད་བར་འགྱུར་བ་གང་ཡང་ཕྱིན་མེད། སྙན་ཐོ་དེའི་ནང་ “ རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་ཡོད་པ་དང་། སྲིད་དབང་མགོ་རྟིང་སློག་རྩིས་ཡོད་པ། རྒྱལ་ཁབ་ཀྱི་ཆིག་སྒྲིལ་ལ་གནོད་སྐྱེལ་བ། རྒྱལ་ཁབ་ཀྱི་གསང་བ་ཕྱི་ལ་གྱར་བ་སོགས་ཆབ་སྲིད་ཀྱི་ནག་ཉེས་དེ་རིགས་མེད་པར་བཟོ་དགོས། ” ཞེས་འཁོད་ཡོད།

ལོ་སྔོན་མའི་ཕྱི་ཟླ་བཅུ་གཅིག་པའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མནར་གཅོད་འགོག་པའི་ལྷན་ཚོགས་ཀྱིས་རྒྱ་ནག་ནང་གི་མནར་གཅོད་གནས་སྟངས་ལ་བསྐྱར་ཞིབ་ཐེངས་ལྔ་པ་གནང་སྐབས། རྒྱ་ནག་གཞུང་གིས་བསྐྱར་དུ་བོད་དང་། ཡུ་གུར་སོགས་གྲངས་ཉུང་མི་རིགས་ལ་སྡུག་སྦྱོང་མནར་གཅོད་བཏང་ཚུལ་བཤད་པ་ནི་གཞི་མེད་ཀྱི་སྐྱོན་བརྗོད་ཡིན་ཚུལ་བཤད་ཡོད། འོན་ཀྱང་རྒྱ་གཞུང་གིས་དེ་ལྟར་བཤད་མིན་ལ་མ་ལྟོས་བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མནར་གཅོད་འགོག་པའི་ལྷན་ཚོགས་ངོས་ནས་བོད་མི་རྣམས་ལ་མནར་གཅོད་བཏང་བ་དང་། བཀག་བསྐྱིལ་ཁང་ནང་ཤི་རྐྱེན། ངེས་མེད་འཇུ་བཟུང་བྱས་པ། གར་སོང་ཆ་མེད་ཆགས་པ་སོགས་ཀྱི་གནས་ཚུལ་འཁོད་པའི་སྙན་ཐོ་མང་པོ་ལག་སོན་བྱུང་རིགས་ལ་དོ་སྣང་བྱས་ཡོད། དེ་བཞིན་ལྷན་ཚོགས་དེའི་ངོས་ནས་ཕྱི་ལོ་༢༠༠༨ ལོར་བོད་ནང་རྒྱ་གཞུང་ལ་ངོ་རྒོལ་སྐབས་ཀྱི་གནས་ཚུལ་ལ་འགན་འཁུར་དགོས་པ་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་གནད་དོན་གཙོས་འཛིན་བཟུང་བཀག་བསྐྱིལ་ཁྲོད་ཤི་བའི་རྒྱུ་རྐྱེན་ཁག་ལ་འགན་འཁུར་དགོས་པ་དང་གནད་དོན་དེ་དག་ལ་ཞིབ་འཇུག་བྱ་དགོས་ཚུལ་བརྗོད་ཡོད།

             རྒྱལ་སྤྱིའི་མནར་གཅོད་འགོག་པའི་དུས་དྲན་ཉིན་མོ་འདིར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས་རྒྱ་ནག་གཞུང་ལ་ཁྲིམས་ཡིག་ཚུལ་བཞིན་ལག་ལེན་བསྟར་དགོས་རྒྱུ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མནར་གཅོད་འགོག་པའི་ལྷན་ཚོགས་ཀྱིས་རྒྱ་ནག་ནང་གི་མནར་གཅོད་ཀྱི་གནས་སྟངས་ལ་བསྐྱར་ཞིབ་ཐེངས་ལྔ་པ་གནང་སྐབས་ཀྱི་དགོངས་འཆར་རྣམས་ལག་བསྟར་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད། རྒྱ་ནག་གཞུང་གིས་ཁྲིམས་ཀྱི་ཁྱབ་ཁོངས་ནས་བརྒལ་བའམ་ཡང་ན་ཁྲིམས་རྩིས་མེད་ཀྱིས་སྤྱི་བདེ་མི་སྣ་དང་བཙོན་སྲུང་བ་ཚོས་འཛིན་བཟུང་བཀག་བསྐྱིལ་བྱས་པའི་མི་རྣམས་ལ་སྡུག་སྦྱོང་མནར་གཅོད་གཏོང་བའི་ཐལ་སྤྱོད་གུ་ཡངས་གཏོང་བའི་བྱ་སྤྱོད་ངེས་པར་དུ་མཚམས་འཇོག་བྱ་དགོས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས་རང་དབང་དང་། ཆེ་མཐོང་། འགྲོ་བ་མིའི་ངོས་འཛིན་བཅས་རྡོག་རོལ་ཐེབས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་རྣམས་ཀྱིས་ཁྲིམས་མཐུན་གྱི་ལས་འགུལ་སྤེལ་རིགས་ལ་ཉེས་འགེལ་བྱས་པ་གཙོས་མནར་གཅོད་མྱོང་མཁན་ཡོངས་ལ་རྗེས་དྲན་ཞུ་ཡི་ཡོད། མནར་གཅོད་གཏོང་བ་ནི་ནོར་འཁྲུལ་རེད། འདི་ལྟ་བུའི་ཁྲིམས་འགལ་གྱི་བྱ་སྤྱོད་མ་རུང་པ་ཞིག་དག་འདོན་བྱ་ཐབས་གཏན་ནས་མེད།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་བཟོས་པའི་མནར་གཅོད་སྐོར་གྱི་གློག་བརྙན་ཤ་ཟད་རུས་ལ་མ་ཐུག་བར་ཅེས་པའི་ནང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་མཁན་གྲགས་ཅན་འགུ་ལོག་འཇིགས་མེད་ཀྱིས་ “ བོད་ནང་བོད་མི་ཚོར་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་དབང་མེད། བོད་མི་ཚོར་དུད་འགྲོ་སེམས་ཅན་གྱི་འདུ་ཤེས་འཛིན་གྱི་ཡོད། རྒྱ་གཞུང་གི་དབང་འཛིན་པ་ཚོས་བོད་མི་རྣམས་འགྲོ་བ་མི་ཞིག་ཡིན་པའི་ངོས་འཛིན་བྱ་ཐབས་ཤེས་ཀྱི་མེད། རྒྱ་ནག་གཞུང་གིས་ང་ཚོར་དུད་འགྲོའི་འདུ་ཤེས་ལས་འཛིན་གྱི་མེད་པས་དུད་འགྲོ་སེམས་ཅན་ལྟར་མནར་གཅོད་གཏོང་རྒྱུ་ཡིན་པ་བོད་མི་ཚོས་ཤེས་ཀྱི་ཡོད་པ་རེད། ང་རང་སྒེར་གྱི་ངོས་ནས་ཀླ་ཀློའི་སྤྱོད་པ་རྩིང་པོ་འདི་ལ་སྙིང་སྟོབས་ཞུམ་ནས་མགོ་བསྒུར་མ་མྱོང་། རྒྱུ་མཚན་ནི་མནར་གཅོད་ཀྱི་སྦྱོར་བ་འདིས་ངའི་པུས་མོ་ས་ལ་འཛུགས་འཇུག་པ་ཤེས་ཀྱི་ཡོད། འོན་ཀྱང་མནར་གཅོད་ཀྱི་ན་ཟུག་ལ་གདོང་ལེན་གྱིས་ཕྱིར་རྐང་པ་གཉིས་ཀྱི་སྒང་ལ་ལངས་རྒྱུའི་སེམས་ཀྱི་དམ་བཅའ་དེ་ནམ་ཡང་འགྱུར་མ་མྱོང་། དེ་ང་གཅིག་བུ་མ་རེད། བོད་མི་ཚང་མར་དཀའ་སྡུག་གི་གདོང་ནས་ལངས་ཐུབ་པའི་སྙིང་སྟོབས་འདི་ཡོད་པ་རེད། ང་ཚོས་དུས་རྒྱུན་རྒྱ་ནག་གི་དབང་འཛིན་པ་ཚོས་ང་ཚོར་དུད་འགྲོའི་འདུ་ཤེས་འཛིན་གྱི་ཡོད་པ་ཤེས་ཀྱི་ཡོད་ལ། ང་ཚོས་དུས་རྒྱུན་མཚན་ཉིད་ཚང་བའི་འགྲོ་བ་མི་ཞིག་ལྟར་རང་ཉིད་རྐང་པ་གཉིས་ཀྱི་སྒང་ལ་ཡང་བསྐྱར་ལངས་ཏེ་རང་ཉིད་འགྲོ་བ་མི་ཞིག་བྱེད་པའི་སེམས་ཐག་བཅད་ཡོད།  ” ཟེར།