09/12/2019

བོད་ཀྱི་ཆབ་སྲིད་བཙོན་ཟུར་བློ་གྲོས་རྒྱ་མཚོས་ཞི་རྒོལ་གནང་བར་ལོ་༡༨ དང་བཟའ་ཟླ་དགའ་སྐྱིད་ཀྱིས་བརྙན་ཐུང་བླངས་པར་ལོ་༢ ཀྱི་ཁྲིམས་ཐག་བཅད་འདུག  

  •   
  •  
  •  
  •  
  •  
  •  
  •  

འདི་ག་ལྟེ་གནས་ཁང་གི་ངོས་ནས་རྒྱ་གཞུང་གིས་བོད་ས་བཅད་བཟུང་ལྟར་བྱས་ན། ཁམས་ནག་ཆུ་ས་ཁུལ་གྱི་སོག་རྫོང་ནས་ཡིན་པའི་ཆབ་སྲིད་བཙོན་ཟུར་སོག་མཁར་བློ་གྲོས་དང་ཁོང་གི་བཟའ་ཟླ་དགའ་གཉིས་ས་གནས་གང་དུ་བཀག་ཉར་གཙོན་འཇུག་དང་། གནས་སྟངས་ཅི་འདྲ་ཡིན་པ། ལྷག་པར་དུ་རྒྱ་གཞུང་གིས་ཁོང་གཉིས་ལ་མི་ལོ་༡༨ དང་མི་ལོ་༢ བཅས་ཀྱི་གསང་བའི་ཁྲིམས་ཐག་བཅད་པར་སེམས་ཁྲལ་བྱེད་བཞིན་ཡོད།

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་༢༠༡༨ ལོར་ད་ལྟ་རང་ལོ་༥༧ ཡིན་པའི་བློ་གྲོས་རྒྱ་མཚོ་དང་བཟའ་ཟླ་དགའ་སྐྱིད་གཉིས་ལ་གསང་བའི་ཐོག་ནས་ཁྲིམས་ཆད་བཅད་ཡོད་པ་དང་། དེ་ཡང་བློ་གྲོས་རྒྱ་མཚོས་ཕོ་བྲང་པོ་ཏ་ལའི་མདུན་དུ་དམར་ཤོག་སྲིད་གཞུང་ལ་ཁེར་རྐྱང་ཞི་རྒོལ་གནང་སྐབས། རྒྱ་གཞུང་གིས་ཁོང་གང་བྱུང་བཀར་ཉར་བྱས་ཡོད།

འདི་ག་ལྟེ་གནས་ཁང་གི་ཐེངས་སྔོན་མའི་གནས་ཚུལ་ནང་དུ། ཕྱི་ལོ་༢༠༡༨ ཟླ་༡ ཚེས་༢༨ ཉིན་བློ་གྲོས་རྒྱ་མཚོས་འཛམ་གླིང་ཞི་བདེའི་ལས་འགུལ་སྤེལ་ནས་ཁེར་རྐྱང་ཞི་རྒོལ་གནང་བའི་བརྙན་ཐུང་ཞིག་སྤེལ་བ་དེ་ནི་ཁོང་གི་བཟའ་ཟླ་དགའ་སྐྱིད་ཀྱིས་བླངས་པ་ཞིག་ཡིན་པ་དང་། བརྙན་ཐུང་དེ་ཕྱིའི་གསར་འགྱུར་བརྒྱུད་ལམ་དང་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཁྱབ་སྤེལ་བྱུང་ཡོད།

དམར་ཤོག་སྲིད་གཞུང་གིས་ཁོང་བཟའ་ཟླ་གཉིས་ལ་གསང་བའི་ཐོག་ནས་ཁྲིམས་ཐག་བཅད་པའི་གནས་ཚུལ་དེ་ནི་ཕྱི་ལོ་༢༠༡༨ ཟླ་༡༡ ནང་ཐོན་ཡོད་ནའང་། ཁོང་གཉིས་ལ་ནག་ཉེས་ག་རེ་བཙུགས་ཡོད་པ་དང་། བཙོན་ཁང་གང་དུ་བཀག་ཉར་བྱས་ཡོད་མེད་རྟོགས་ཐུབ་མེད་ལ། ཁོང་གི་ནང་མི་དང་ཉེ་འབྲེལ་ཚོས་ཁོང་བཟའ་ཟླ་གཉིས་ཀྱི་ད་ལྟའི་གནས་སྟངས་དང་བཀག་བསྐྱིལ་སོགས་མ་ཤེས་པར་ལྷག་ཡོད།

གནས་ཚུལ་ཡོང་ཁུངས་ལྟར་ན། བློ་གྲོས་རྒྱ་མཚོ་ཕྱི་ལོ་༢༠༡༨ ཟླ་༡ ནང་འཛིན་བཟུང་བཀག་བསྐྱིལ་བྱས་པ་ནས་ཁྲིམས་ཐག་གཅོད་རག་བར་དུ། ཁོང་གི་ནང་མིར་བརྡ་ལན་ཙམ་ཡང་མ་སྤྲད་པར་གསང་བའི་ཐོག་ནས་བཀག་ཉར་བྱས་ཡོད་པ་དང་། བཟའ་ཟླ་དགའ་སྐྱིད་ཀྱང་དུས་ནམ་ཞིག་ནས་བཀག་བསྐྱིལ་བྱས་མིན་མི་གསལ་ཡང་། རྒྱ་གཞུང་གིས་ཁོང་མོ་གསང་བའི་བཀག་ཉར་བྱས་པ་བརྒྱུད་དེ་མཐར་མི་ལོ་༢ ཀྱི་ཁྲིམས་ཐག་བཅད་འདུག

ཞི་རྒོལ་ལས་འགུལ་བར་ཁྲིམས་འགལ་ཉེས་ཆད་བཅད་པ། 

བློ་གྲོས་རྒྱ་མཚོས་རྒྱ་གཞུང་གི་བཙོན་ཁང་ཕྱི་ནང་གཉིས་སུ་བདེན་པའི་འཐབ་རྩོད་གནང་བའི་ལོ་རྒྱུས་རིང་པོ་ཡོད་པ་དང་། ཐོག་མར་མི་བསད་པའི་དོན་རྐྱེན་འོག་ཏུ་ཁོང་ལ་མི་ལོ་༡༥ ཡི་ཁྲིམས་ཐག་བཅད་པ་དང་། བཙོན་ཁང་དུ་ཁོང་གིས་བློ་སྤོབས་ཆེན་པོས་བོད་ཀྱི་ཆབ་སྲིད་བཙོན་པ་མང་པོའི་སྣེ་ཁྲིད་དེ་དམར་ཤོག་སྲིད་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་བྱས་རྐྱེན། རྒྱ་གཞུང་གིས་ཁོང་གི་བཙོན་འཇུག་དུས་ཡུན་མི་ལོ་༢༡ ལ་ཕར་འགྱངས་བཏང་སྟེ་གྲྭ་བཞི་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད། ཁོང་བཙོན་གྲོལ་བཏང་ནས་ལོ་གསུམ་གྱི་རྗེས་ཏེ་ཕྱི་ལོ་༢༠༡༦ ཟླ་༥ བའི་ནང་ཁོང་གིས་བོད་རང་སྐྱོང་ལྗོངས་ཕྱི་ལོགས་ཀྱི་བོད་མིའི་དགོན་སྡེ་ཁག་གི་གྲྭ་བཙུན་ཚོ་ཕྱིར་ཕུད་བཏང་བར་ཞི་རྒོལ་གནང་བར་བརྟེན་ནས། རྒྱ་གཞུང་གིས་ཁོང་ཡང་བསྐྱར་འཛིན་བཟུང་བཀག་ཉར་བྱས། ཕྱི་ལོ་༢༠༡༥ ལོར་བརྒྱད་གཅིག་དམག་འཛུགས་དུས་ཆེན་སྐབས་སུ། རྒྱ་གཞུང་གིས་བོད་མི་ཚོར་སྟག་གཟིག་གི་པགས་པ་གྱོན་བཅུག་སྟེ་གཞས་སྣ་འཁྲབ་སྟོན་དང་མི་མང་ལ་ལྟད་མོར་ལྟ་རུ་བཅུག་པར། བློ་གྲོས་རྒྱ་མཚོས་རྒྱ་ནག་སྲིད་གཞུང་གི་ཁྲིམས་འགལ་ལུགས་ལྡོག་གི་བྱ་སྤྱོད་དེ་ལ་མངོན་གསལ་དོད་པོར་སྐྱོན་བརྗོད་བྱས་ཡོད། ཁོང་གིས་བཟའ་ཟླ་དགའ་སྐྱིད་ཀྱི་རམ་འདེགས་འོག་ཏུ་དུས་ཡུན་སྐར་མ་༡ དང་སྐར་ཆ་༣༨ རིང་གི་བརྙན་ཐུང་ཞིག་བླངས་ཡོད་པ་དང་། བརྙན་ཐུང་དེའི་ནང་དུས་ཁོང་གིས་བོད་ལྭ་དཀར་ཁྲ་ཞིག་གྱོན་ཏེ། ༸གོང་ས་མཆོག་ནས་ཁ་བ་གངས་ཅན་པའི་ལྗོངས་དེ་ཞི་བདེའི་ལྟེ་གནས་ཤིག་ཏུ་བསྐྲུན་ཐབས་དང་། དབུ་མའི་ལམ་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་ཀྱི་དགོངས་གཞིར་བསྔགས་བརྗོད་གནང་བ་དང་། འཛམ་གླིང་ཞི་བདེའི་ལས་འགུལ་འགོ་མ་བཙུགས་སྔོན་ལ། ཁོང་གིས་བོད་བརྒྱུད་ནང་བསྟན་གྱི་ལྟ་བ་རྟེན་འབྱུང་དང་། སྤྱོད་པ་འཚེ་བ་མེད་པ། འཚེ་མེད་ཞི་བདེ་སོགས་ཀྱི་གལ་ཆེའི་རང་བཞིན་བརྗོད་ཡོད།

བརྙན་ཐུང་དེའི་ནང་དུ་བློ་གྲོས་རྒྱ་མཚོས། ང་ཚོ་ཁ་བ་གངས་ཅན་པའི་ལྗོངས་ཀྱི་སྣོད་བཅུད་གཉིས་དེ་མ་བཅོས་ལྷུན་གྱིས་གྲུབ་པའི་འཛམ་གླིང་ཞི་བདེའི་ལྟེ་གནས་ཤིག་ཡིན། ང་ཚོ་ཁ་བ་རི་བས་འཛམ་གླིང་ཞི་བདེའི་ལས་འགུལ་སྤེལ་ནས་དུས་ཡུན་ཐུང་ཐུང་ཞིག་མ་ཡིན་པར། ལོ་ངོ་སྟོང་ཕྲག་དུ་མའི་རིང་ལ་འཚེ་མེད་ཞི་བདེའི་ལམ་ནས་ལྟ་བ་རྟེན་འབྱུང་དང་། སྤྱོད་པ་འཚེ་བ་མེད་པ། ལམ་དབུ་མའི་སྒང་ནས་འཛམ་གླིང་ཞི་བདེ་རྩོད་ལེན་བྱས་ཡོད། དཔེར་ན། ང་ཚོའི་དུས་རྟག་ཏུ་༧རྒྱལ་བ་བསྟན་འཛིན་རྒྱ་མཚོའི་དགོངས་པ་བཞིན། དེས་མི་ཚད་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལ་སོགས་པའི་དཔའ་བོ་དང་དཔའ་མོ་བརྒྱ་སྟོང་མང་པོས་འཛམ་གླིང་ཞི་བདེའི་དོན་དུ་སྐུ་ལུས་མེ་རུ་བསྒྲོན་ཡོད། ངས་ཀྱང་མི་ལོ་༢༠ རིང་ལ་འཛམ་གླིང་ཞི་བདེའི་ཆེད་དུ་འབད་བརྩོན་བྱས་ཡོད་ལ། ལྷག་པར་དུ་ལོ་ངོ་༡༡ རིང་ལ་འཛམ་གླིང་ཞི་བདེ་དྲིལ་བསྒྲགས་དང་འཛམ་གླིང་ཞི་བདེ་ཡི་ཕྱོགས་སུ་ལུས་ངག་ཡིད་གསུམ་གྱིས་འབད་བརྩོན་བྱས་ཡོད། བཙོན་ཁང་ནང་དུ་ལོ་ངོ་༧ བསྟུན་མར་དྲིལ་བསྒྲགས་བྱས་པ་ཡིན་ལ། བཙོན་ཁང་ནས་མར་ཐོན་རྗེས་ལོ་༤ རིང་མཐོ་དམན་དྲག་ཞན་ཕོ་མོ་རྒན་གཞོན་སུ་དང་ཕྱོགས་ལྷུང་སོགས་ཀྱི་དབྱེ་བ་མེད་པར་དྲིལ་བསྒྲགས་བྱས་ཡོད།

དེ་རིང་༢༠༡༨ ལོའི་ཕྱི་ཟླ་༡ པོའི་ཚེས་༢༨ ཉིན་དངོས་སུ་འཛམ་གླིང་ཞི་བདེའི་ལས་འགུལ་མགོ་འཛུགས་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས། ཞེས་བརྗོད་ཡོད།

འདི་ག་ལྟེ་གནས་ཁང་གི་ངོས་ནས། བློ་གྲོས་རྒྱ་མཚོ་དང་བཟའ་ཟླ་དགའ་སྐྱིད་གཉིས་ལ་དྲང་བདེན་མིན་པའི་ཁྲིམས་ཆད་གཅོད་དོན་ནི། ཁོང་གིས་ཕོ་བྲང་པོ་ཏ་ལའི་མདུན་དུ་ཁེར་རྐྱང་ཞི་རྒོལ་གནང་བ་དང་བཟའ་ཟླས་བརྙན་ཐུང་དེ་བླངས་པའི་རྐྱེན་གྱི་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། རྒྱ་གཞུང་གིས་ཁས་ལེན་གཙང་མ་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ཀྱི་དོན་ཚན་༡༩ དང་སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་ཁྲིམས་ཡིག་དོན་ཚན་༡༩ གཉིས་ཀྱི་ནང་དུ་མི་ཚང་མར་བསམ་བརྗོད་རང་དབང་ཡོད་པ་གསལ་ཡོད་ལ། དེ་མིན་རྒྱལ་སྤྱིའི་དཔལ་འབྱོར་དང་སྤྱི་ཚོགས་རིག་གཞུང་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་ཁྲིམས་ཡིག བུད་མེད་ལ་དམན་པར་ལྟ་བའི་དབྱེ་འབྱེད་ཀྱི་རྣམ་པ་མཐའ་དག་འགོག་པའི་རྒྱལ་སྤྱིའི་ཁྲིམས་ཡིག་སོགས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་སྤྱི་ཆིངས་ཁག་གི་ནང་དུ་ཡང་གསལ་ཡོད། སྤྱི་ཆིངས་འདི་དག་གི་ནང་དུ། ཆབ་སྲིད་བགྲོ་གླེང་དང་མི་སྒར་གྱི་བསམ་ཚུལ། སྤྱི་དམངས་ཀྱི་ལས་དོན། ལས་འགུལ་སྤེལ་བ། འགྲོ་བ་མིའི་ཐོབ་ཐང་གླེང་སློང་། གསར་འགོད། རིག་གཞུང་། སྒྱུ་རྩལ་སོགས་ཀྱི་སྨྲ་བརྗོད་རང་དབང་། སློབ་ཁྲིད་དང་ཆོས་ལུགས་བགྲོ་གླེང་བཅས་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱས་ཡོད།

སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་ཁྲིམས་ཡིག་དོན་ཚན་༡༩ བའི་ནང་གསེང་དང་པོས། མི་ཚང་མར་སོ་སོའི་བསམ་ཚུལ་གང་རུང་བརྗོད་པའི་ཐོབ་ཐང་ལ་སྲུང་སྐྱོབ་བྱས་ཡོད་པ་དེའི་ནང་དུ། ཆབ་སྲིད་དང་ཚན་རིག ལོ་རྒྱུས། ཆོས་ལུགས་བཅས་དང་འབྲེལ་བའི་བསམ་ཚུལ་ལ་ཚོད་འཛིན་བྱས་མི་ཆོག་པའི་ཐོབ་ཐང་ཚུད་ཡོད། ལྷག་པར་དུ་བསམ་བརྗོད་རང་དབང་གི་ཐོབ་ཐང་ཁག་གི་ནང་དུ། ཛ་དྲག་གི་སྐབས་སུ་ཁྲིམས་ཐོག་ནས་བསམ་བརྗོད་རང་དབང་བརྡལ་བཤིག་བཏང་མི་ཆོག་པ་གསལ་ཡོད།

འདི་ག་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོས། རྒྱ་གཞུང་གིས་བློ་གྲོས་རྒྱ་མཚོ་དང་བཟའ་ཟླ་དགའ་སྐྱིད་གཉིས་ཆ་རྐྱེན་ཅི་ཡང་མེད་པའི་ཐོག་ནས་མྱུར་དུ་གློད་གྲོལ་གཏོང་དགོས་པ་དང་། ཁོང་གཉིས་ཁྲིམས་འགལ་བཙོན་འཇུག་མ་བྱས་སྔོན་གྱི་བརྒྱུད་རིམ་ཚང་མ་གསལ་བཤད་བྱེད་དགོས་པར་མ་ཟད། རྒྱ་གཞུང་གིས་བློ་གྲོས་རྒྱ་མཚོ་དང་བཟའ་ཟླ་དགའ་སྐྱིད་གཉིས་གང་བྱུང་འཛིན་བཟུང་དང་བཀག་ཉར། མནར་གཅོད། མི་སྤྱོད་ལས་འདས་པའི་གདུག་རྩབ། དྲང་བདེན་མ་ཡིན་པའི་ཁྲིམས་ཆད་སོགས་ལག་བསྟར་བྱེད་མཁན་དཔོན་རིགས་ཚོའི་ནག་ཉེས་ཐེར་འདོན་བྱེད་དགོས། ཞེས་དང་།

ཡང་ཁོ་མོས། ཞི་རྒོལ་ལས་འགུལ་བ་ཞིག་གིས་སོ་སོའི་བསམ་ཚུལ་ཙམ་བརྗོད་པར་ཡང་རྒྱ་གཞུང་གིས་གསང་བའི་ཐོག་ནས་ཁྲིམས་ཆད་ལྕི་མོ་བཅད་པ་དེ་ནི་ཧ་ཅང་ཡིད་སྐྱོ་བ་དང་བློ་འཚབ་སྐྱེ་གཞི་ཞིག་རེད། ཅེས་བརྗོད་ཡོད།

རྒྱལ་ལྗོངས།

བློ་གྲོས་རྒྱ་མཚོ་ནི་ཁམས་ནག་ཆུ་ས་ཁུལ་གྱི་སོག་རྫོང་ཚ་དབྲོག་ཡུལ་ཚོའི་སོག་མཁར་གྲོང་སྡེ་ནས་ཡིན་པ་དང་། ཡུལ་མི་ཚོས་ཁོང་ནི་ཆབ་སྲིད་ཀྱི་ལྟ་ཚུལ་ཤུགས་ཆེར་འདོན་མཁན་ཞིག་དང་། སོ་སོའི་རིག་གཞུང་དང་མི་རིགས་ཀྱི་ངོ་བོར་མཐོང་ཆེན་གནང་མཁན་ཞིག་ཡིན་པར་ངོས་འཛིན་བྱེད། ཁོང་གི་ཁྱིམ་དུ་བཟའ་ཟླ་དང་ཨ་མ། སྲིང་མོ་ལྔ་དང་ནུ་བོ་གཅིག་བཅས་ཡོད་པ་དང་། ཁོང་བཙོན་འཇུག་མ་བྱས་སྔོན་ལ་ཕ་ཡུལ་དུ་གཞས་སྣ་འཁྲབ་སྟོན་དང་འགྱོག་རྡོ་བཀྱགས་ནས་ཐེངས་གསུམ་ལ་ཨང་དང་པོའི་བྱ་དགའ་ཐོབ་མྱོང་ཡོད།

བློ་གྲོས་རྒྱ་མཚོས་མིང་ལ་སྒ་ཡོལ་ཟེར་བའི་རླངས་འཁོར་ཁ་ལོ་བ་ཞིག་བསད་པའི་དོན་རྐྱེན་འོག་ཏུ། ཕྱི་ལོ་ ༡༩༩༤ ཟླ་ ༤ ཚེས་ ༢༠ ཉིན་ནག་ཆུ་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་ཁོང་ལ་མི་ལོ་༡༥ དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག

དེ་ཡང་བློ་གྲོས་རྒྱ་མཚོས་ཁོང་གི་སྲིང་མོ་ལྷ་རིག་ལ་རླངས་འཁོར་གྱིས་རྡུང་ནས་རྐྱེན་འདས་སུ་གཏོང་མཁན་ཁོ་ལོ་བ་སྒ་ཡོལ་ཟེར་བ་དེ་བསད་པ་དང་། ཁྲིམས་ཁང་གིས་བློ་གྲོས་ཀྱི་སྲིང་མོ་གསོད་མཁན་སྒ་ཡོལ་ཟེར་བ་དེ་རྒྱ་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་དང་ཁོར་ནག་ཉེས་མེད་པའི་བཅད་ཁྲ་བཀྲམ་འདུག ཕྱིས་སུ་བློ་གྲོས་རྒྱ་མཚོ་དང་སྒ་ཡོལ་གཉིས་གྲོང་གི་ཁྲོམ་སྲང་དུ་ཕྲད་སྐབས། སྒ་ཡོལ་གྱིས་ཐུང་མདའ་ཞིག་ཡོད་པ་བཏོན་སྟེ་བློ་གྲོས་རྒྱ་མཚོར་ཐེངས་གཉིས་བརྒྱབ་ཀྱང་མདེའུ་ཕོག་ཐུབ་མེད་པ་དང་། དེའི་རྗེས་བློ་གྲོས་རྒྱ་མཚོས་སྒ་ཡོལ་ཟེར་བ་དེར་གྲིས་བརྒྱབ་པ་དང་། མཐར་སྒ་ཡོལ་སྨན་ཁང་དུ་བསྐྱལ་རྗེས་རྐྱེན་འདས་སུ་ཕྱིན་པ་རེད།

མི་ལོ་༡༥ ཁྲིམས་ཐག་བཅད་དེ་གྲྭ་བཞི་བཙོན་ཁང་དུ་བཙོན་འཇུག་བྱས་པའི་སྐབས་ཏེ། ཕྱི་ལོ་༡༩༩༥ ཟླ་༣ ཚེས་༤ ཉིན་བློ་གྲོས་རྒྱ་མཚོས་བཙོན་ཁང་དུ་ཞི་རྒོལ་བྱས་ཤིང་། ཁོང་གིས་བཙོན་པ་གཞན་དག་དང་མཉམ་དུ་བཙོན་ར་ཁག་ནང་ཡིག་ཆ་གཏོར་ནས་༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཁྲི་ལོར་བརྟན་པར་ཤོག བོད་རང་བཙན་ཡིན། བོད་དུ་ཡོད་པའི་རྒྱ་མི་ཚང་མ་རྒྱ་ནག་ཏུ་ལོག་དགོས། བོད་མི་ས་ཡ་དྲུག་རྡོག་རྩ་གཅིག་སྒྲིལ་ཡིན། ཞེས་ཞི་རྒོལ་སྐད་འབོད་གནང་བ་རེད། དེ་བས་གཙོན་ཁང་དུ་དུས་ཡུན་ཟླ་གཅིག་རིང་ཁོང་ལ་འདྲི་གཅོད་དང་མནར་གཅོད་ཚད་བཏང་ཡང་། ཁོང་གིས་རྒྱ་གཞུང་གི་ཉེས་འཛུགས་ངོས་ལེན་མ་བྱས་སྟབས། བཙོན་ཁང་ནས་ཁོང་ལ་ལྟོགས་སྐོམ་གྱི་མནར་གཅོད་བཏང་འདུག དེའི་རྗེས་བཙོན་ཁང་གི་ལས་བྱེད་དང་སློབ་གསོ་བསྒྱུར་བཀོད་ཁང་གི་དཔོན་རིགས་ཚོས་བློ་གྲོས་རྒྱ་མཚོར་སྲོག་ཁྲིམས་གཅོད་རྒྱུའི་ཐག་གཅོད་བྱས།

ཕྱི་ལོ་༡༩༩༥ ཟླ་༤ ནང་ནག་ཆུ་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་བོད་ལྗོངས་མི་དམངས་ཁྲིམས་ཁང་གི་བཀའ་འཁྲོལ་ལ་བསྒུག་པའི་སྐབས་དེར། རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་རོགས་སྐྱོར་དང་གནོན་ཤུགས་སྤྲད་པའི་འོག་ཏུ་བློ་གྲོས་རྒྱ་མཚོར་སྲོག་ཁྲིམས་གཅོད་རྒྱུ་ཕྱིར་འགྱངས་བྱས།

ཕྱི་ལོ་༡༩༩༥ ཟླ་༥ ཚེས་༡༨ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་འགལ་ཉེས་ཆད་དང་གང་བྱུང་ཁྲིམས་ཆད་འགོག་ཐབས་ཐད་ཀྱི་དམིགས་བསལ་སྙན་སྒྲོན་པས་རྒྱ་ནག་སྲིད་གཞུང་ལ་ཛ་དྲག་གི་སྙན་ཞུ་ཕུལ་བ་དང་། རྒྱ་ནག་སྲིད་གཞུང་གིས་བློ་གྲོས་རྒྱ་མཚོར་སྲོག་ཁྲིམས་གཅོད་ཀྱི་མེད་རབས་དང་། བློ་གྲོས་རྒྱ་མཚོས་བཙོན་ཁང་དུ་རང་ཉིད་ལ་བཅོས་སྒྱུར་མ་བྱས་པར་ཁ་བྲལ་རིང་ལུགས་དང་སྲིད་གཞུང་མགོ་རྟིང་སློག་བརྩིས་བྱས་རྐྱེན། ཁོང་ལ་ལོ་༦ ཁ་སྣོན་གྱིས་ཁྱོན་མི་ལོ་༢༡ གི་དུས་བཀག་བཙོན་འཇུག་དང་ཆབ་སྲིད་ཐོབ་ཐང་ལོ་༣ འཕྲོག་རྒྱུ་ཐག་བཅད་པའི་ལན་འདེབས་བྱས། སྔ་རྗེས་སུ་ཁོང་ཆུ་ཤུར་བཙོན་ཁང་དང་གྲྭ་བཞི་བཙོན་ཁང་སོགས་སུ་བཙན་འཇུག་བྱས་ཏེ་མཐར་ཕྱི་ལོ་༢༠༡༣ ཟླ་༥ ཚེས་༢ ཉིན་བཙོན་གྲོལ་བཏང་བ་རེད།