26/11/2020

བོད་ཀྱི་ཆབ་སྲིད་བཙོན་པ་ཚེ་མགོན་རྒྱལ་གློད་རྗེས་གཤག་བཅོས་གཏོང་དགོས་བྱུང་འདུག

  •   
  •  
  •  
  •  
  •  
  •  
  •  
ཚེ་མགོན་རྒྱལ་

འདས་ལོའི་ཕྱི་ཟླ་༡༢ ནང་བོད་ཀྱི་ཆབ་སྲིད་བཙོན་པ་ཚེ་མགོན་རྒྱལ་མི་ལོ་གསུམ་གྱི་བཙོན་འཇུག་གི་དུས་ཡུན་ཚང་ནས། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཏུང་ཁྲོན་བཙོན་ཁང་(西宁市东川监狱)ནས་གློད་གྲོལ་བཏང་ཡོད་ཅིང་། འདི་ག་ལྟེ་གནས་ཁང་གི་ངོས་ནས་ཁོང་གི་འཕྲོད་བསྟེན་གནས་སྟངས་ཐད་ལ་བློ་འཚུབ་བྱེད་ཀྱིན་ཡོད།

ཕྱི་ལོ་༢༠༡༩ ཟླ་༡༢ ཚེས་༦ ཉིན་གློད་གྲོལ་བཏང་ནས་དུས་ཡུན་ཟླ་གཅིག་མ་ཟིན་ཙམ་ནང་ཚེ་མགོན་རྒྱལ་ས་གནས་སྨན་ཁང་དུ་སྡོད་དགོས་བྱུང་བ་དང་། འདི་ལོའི་ཕྱི་ཟླ་༡ ཚེས་༡༤ ཉིན་གཤག་བཅོས་བྱས་འདུག ཁོང་གི་སྙུང་གཞི་གཙོ་བོ་མཁྲིས་ནད་ཡིན་ཚུལ་བརྗོད་ཅིང་། ཁོང་གི་གནས་སྟངས་ཛ་དྲག་ཡིན་འདུག

ཕྱི་ལོ་༢༠༡༨ ཟླ་༡ ཚེས་༡༠ ཉིན་མཚོ་བྱུང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་རང་ལོ་༥༨ ཡིན་པའི་ཚེ་མགོན་རྒྱལ་ལ་“ཁ་བྲལ་ལ་ངན་སྐུལ”བྱས་པའི་བསྙོན་འཛུགས་འོག་ཏུ་བཙོན་འཇུག་བྱས་ཡོད་པ་དང་། ཕྱི་ལོ་༢༠༡༧ ཟླ་༥ ཚེས་༣ ཉིན་ཁྲིམས་ཁང་དེས་ཚེ་མགོན་རྒྱལ་ལ་ཁྲིམས་བཤེར་བྱས་ནས་དུས་ཡུན་ཟླ་༨ ལྷག་གི་རྗེས་སུ་བཅད་ཁྲ་གསལ་བསྒྲགས་བྱས་འདུག

རྒྱ་གཞུང་གིས་ཚེ་མགོན་རྒྱལ་ལ་ཉེས་འཛུགས་ཀྱི་ཁྲིམས་ཆད་བཙན་འགེལ་བྱེད་དོན་གཙོ་བོ། ཁོང་གིས་སྒེར་གྱི་འཕྲིན་ཕྲན་རྒྱབ་ལྗོངས་སུ་སྲིད་གཞུང་གི་མི་རིགས་མཐུན་སྒྲིལ་ལ་སྐུད་འདེད་གཏོང་བའི་སྲིད་ཇུས་ཟེར་བར་བསྐྱོན་བརྗོད་ཀྱི་རྩོམ་ཡིག་སྤེལ་བར་ཁ་གཡར་བ་ཞིག་རེད། རྒྱ་གཞུང་གི་ལག་བསྟར་སྲིད་ཇུས་དང་ལས་འགུལ་དེ་དག་གི་ཁྲོད་དུ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་ཟེར་བ་དེ་ནི་དོན་དངོས་སུ་བོད་མི་གཙོས་གྲངས་ཉུང་མི་རིགས་གཞན་དག་གི་ཆོས་ལུགས་དང་རིག་གཞུང་། མི་རིགས་ཀྱི་ངོ་བོ་དང་བཅས་པ་རྩ་མེད་གཏོང་ཐབས་ལ་དམིགས་པ་ཞིག་ཡིན་པ་གསལ་ཡོད།

ཕྱི་ལོ་༢༠༡༧ ཟླ་༤ བའི་ནང་ཚུགས་པའི་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐེངས་༧༨ པའི་སྟེང་དུ་རྒྱལ་ཚོགས་ཀྱི་གང་བྱུང་བཀག་བསྐྱིལ་གཏན་འགོག་ཚན་པས། རྒྱ་གཞུང་གིས་ཚེ་མགོན་རྒྱལ་བཀག་བསྐྱིལ་བྱས་པར་ཁྲིམས་མཐུན་གྱི་གཞི་རྩའི་ཁོངས་སྐྱེལ་ར་སྤྲོད་ཅི་གང་མེད་པར། ཁོང་གི་རང་དབང་བཙན་འཕྲོག་བྱས་པ་དེ་ནི་གང་བྱུང་བཀག་བསྐྱིལ་གྱི་གནད་དོན་ལ་ངོས་འཛིན་གནང་ཡོད། ཚན་པ་དེས་ད་དུང་རྒྱ་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་དང་འབྲེལ་ཡོད་ཁྲིམས་ཡིག་རྩ་འཛིན་ཁག་ནང་གསལ་དྲང་བདེན་གྱི་ཁྲིམས་ཞིབ་ཐོབ་ཐང་རྩིས་མེད་བཏང་བར་མ་ཟད། རྒྱ་གཞུང་གིས་ཚེ་མགོན་རྒྱལ་བཀག་བསྐྱིལ་བྱས་པ་དེ་ནི། “སྐྱེས་ཁུངས་དང་རྒྱལ་ཁོངས། མི་རིགས་བྱེ་བྲག་པའམ། ཡང་ན་སྤྱི་ཚོགས་དང་སྐད་རིགས། ཆོས་ལུགས། དཔལ་འབྱོར་གྱི་གནས་ཚད། ཆབ་སྲིད་དང་སྣང་ཚུལ་གཞན་ནམ། ཡང་ན་སྐྱེ་བོ་ཚང་མ་འདྲ་མཉམ་ཡིན་པའི་ཐོབ་ཐང་རྩིས་མེད་གཏོང་ཐབས་ཀྱི་གནས་བབ་གཞན་དག་གཞིར་བྱས་མི་རིགས་དབྱེ་འབྱེད་ཐད་ཀྱི་རྒྱལ་སྤྱིའི་ཁྲིམས་ཡིག་རྩ་འཛིན་ཁག་རྩིས་མེད་རྡོག་རོལ་བཏང་”བར་ནན་བརྗོད་གནང་ཡོད།

འདི་ག་ལྟེ་གནས་ཁང་གི་ངོས་ནས། རྒྱ་གཞུང་གིས་ཚེ་མགོན་རྒྱལ་ཁྲིམས་འགལ་བཙོན་འཇུག་བྱས་པ་དེས། རྒྱ་གཞུང་རང་གི་རྩ་ཁྲིམས་མ་ཟད། འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས་ཁག་རྩིས་མེད་བརྡལ་བཤིག་བཏང་བར་ངོས་འཛིན་བྱེད་ཀྱི་ཡོད་ལ། སྤྱི་ཆིངས་དེ་དག་གི་ནང་དུ་སྨྲ་བརྗོད་རང་དབང་དང་གསར་འགོད་རང་དབང་། བསམ་བརྗོད་རང་དབང་གི་ཐོབ་ཐང་ཁག་ཚུད་ཡོད། གསར་འགོད་རང་དབང་ནི་གཞི་རྩའི་ཐོབ་ཐང་ཡིན་ལ། དེའི་ནང་དུ་གཞི་རྩིའི་རང་དབང་གི་ཐོབ་ཐང་གཞན་དག་ལོངས་སུ་སྤྱོད་དབང་གི་ཁོར་ཡུག་བསྐྲུན་ཡོད། དེར་མ་ཟད། བསམ་བརྗོད་རང་དབང་ནི་ཅིས་ཀྱང་མེད་མི་རུང་བའི་ཐོབ་ཐང་ཡིན་པས། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོས་ཟེར་བ་དང་ཁ་བྲལ་ལ་ངན་སྐུལ་བྱས་ཟེར་བ་སོགས་གནས་སྟངས་ཅི་འདྲ་ཞིག་གི་འོག་ཏུ་ཡིན་ནའང་། ཐོབ་ཐང་དེ་ཉིད་རྩིས་མེད་འགོག་སྡོམ་བྱས་མི་ཆོག

Select Language