26/09/2020

བཙུན་མ་ཞིག་འཆི་གསོན་གནས་སྟངས་མ་ཤེས་པར་ལོ་བརྒྱད་རིང་གར་སོང་ཆ་མེད་གྱུར་འདུག

  •   
  •  
  •  
  •  
  •  
  •  
  •  
རྒྱ་གཞུང་གིས་འཇུ་བཟུང་བཙན་འཁྲིད་ཀྱིས་འཆི་གསོན་གར་སོང་ཤེས་རྟོགས་མ་ཐུབ་པར་ལོ་བརྒྱད་ལྷག་འགོར་ཟིན་པའི་བཙུན་མ་ཡེ་ཤེས་ལྷག་སྒྲོན་ལགས་ཀྱི་དེ་སྔའི་འདྲ་པར།
རྒྱ་གཞུང་གིས་འཇུ་བཟུང་བཙན་འཁྲིད་ཀྱིས་འཆི་གསོན་གར་སོང་ཤེས་རྟོགས་མ་ཐུབ་པར་ལོ་བརྒྱད་ལྷག་འགོར་ཟིན་པའི་བཙུན་མ་ཡེ་ཤེས་ལྷག་སྒྲོན་ལགས་ཀྱི་དེ་སྔའི་འདྲ་པར།

ཟི་ཁྲོན་དཀར་མཛེས་རྫོང་ནས་ཡིན་པའི་བཙུན་མ་ཡེ་ཤེས་ལྷག་སྒྲོན་ལགས། ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་སྐད་འབོད་ངོ་རྒོལ་བྱས་པར་བརྟེན་ནས་རྒྱ་གཞུང་གིས་འཇུ་བཟུང་བཙན་ཁྲིད་ཀྱིས་ད་ལྟའི་བར་གར་སོང་ཆ་མེད་ཀྱི་གནས་སྟངས་འོག་ལྷག་ཡོད་པ་རེད། ཁོང་གི་ནང་མིས་གང་སར་འདྲི་རྟོག་འཚོལ་བཤེར་བྱས་ཀྱང་གར་ཡོད་ཅི་བྱུང་གི་གནས་ཚུལ་གང་ཡང་ཤེས་རྟོགས་མ་ཐུབ་པར་བརྟེན། རྒྱ་གཞུང་གི་འཇུ་བཟུང་མནར་གཅོད་འོག་ཁོང་མོ་འདས་གྲོངས་ཕྱིན་ཟིན་པའི་ངོས་འཛིན་བྱེད་ཀྱི་ཡོད་འདུག

ཕྱི་ལོ་ ༢༠༠༨ ལོར་བོད་མདོ་ཁམས་དཀར་མཛེས་བྲག་དཀར་བཙུན་དགོན་གྱི་བཙུན་མ་ཡེ་ཤེས་ལྷག་སྒྲོན་དང་། སངས་རྒྱས་ལྷ་མོ། ཚེ་དབང་མཁའ་འགྲོ་གསུམ་ཀྱིས་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་ཞི་བའི་སྐད་འབོད་ངོ་རྒོལ་བྱས་པར་བརྟེན། སྐབས་དེར་རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་ཡོད། ཁོ་ཚོའི་གྲས་ནས་སངས་རྒྱས་ལྷ་མོ་དང་ཚེ་དབང་མཁའ་འགྲོ་གཉིས་ལ་བཙོན་འཇུག་དུས་བཀག་ལོ་གཉིས་རེའི་ཁྲིམས་ཐག་བཅད་ཡོད་པ་དང་། མཐར་བཙོན་འཇུག་དུས་ཡུན་རྫོགས་ཏེ་ཕྱིར་གློད་གྲོལ་བཏང་ཡོད་མོད། བཙུན་མ་ཡེ་ཤེས་ལྷག་སྒྲོན་ལགས་སྐབས་དེར་འཇུ་བཟུང་བཙན་འཁྲིད་བྱས་རྗེས། ད་ལྟའི་བར་གནས་ཚུལ་གང་ཡང་ཤེས་རྟོགས་མ་བྱུང་བར་གར་སོང་ཆ་མེད་ཀྱི་གནས་སྟངས་འོག་ལྷག་ཡོད་པ་རེད། ཁོང་གི་ནང་མི་རྣམས་ཀྱིས་ཕྱོགས་ཡར་མར་ལ་འབྲེལ་གཏུགས་ཀྱིས་འདྲི་རྟོག་འཚོལ་ཞིབ་བྱས་ཀྱང་མཇུག་འབྲས་གང་ཡང་མ་བྱུང་སྟབས། བཙུན་མ་ཡེ་ཤེས་ལྷག་སྒྲོན་ལགས་རྒྱ་གཞུང་གི་འཇུ་བཟུང་མནར་གཅོད་འོག་འདས་གྲོངས་ཕྱིན་ཟིན་པའི་ངོས་འཛིན་བྱེད་ཀྱིན་ཡོད་འདུག

བཙུན་མ་ཡེ་ཤེས་ལྷག་སྒྲོན་གྱི་ཉེ་དུ་ཡིན་པ་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་དགོན་དུ་ཡོད་པའི་གྲྭ་པདྨ་དབང་རྒྱལ་ལགས་ཀྱིས་བརྒྱུད་ལམ་ཁག་ཏུ་གནས་ཚུལ་བརྗོད་དོན། བཙུན་མ་ཡེ་ཤེས་ལྷག་སྒྲོན་དང་གཞན་པའི་བཙུན་མ་གཉིས་བཅས་ནས། ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༢༨ ཉིན་དཀར་མཛེས་རྫོང་ཐོག་ཏུ་ “བོད་ཀྱི་བདག་པོ་བོད་མི་ཡིན། བོད་མིར་འགྲོ་བ་མིའི་ཐོབ་ཐང་དགོས།” སོགས་ཀྱི་འབོད་ཚིག་བསྒྲགས་ཤིང་། “༧རྒྱལ་བ་རིན་པོ་ཆེ་ཁྲི་ལོར་བརྟན་པར་ཤོག བོད་ལ་རང་དབང་དགོས།” སོགས་ཀྱི་བསྒྲགས་ཡིག་གཏོར་ཏེ་ཞི་བའི་ངོ་རྒོལ་བྱས་སྐབས། རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བཙན་འཁྲིད་ཀྱིས་ཟླ་དགུའི་རིང་ཁོང་གསུམ་གར་སོང་ཆ་མེད་དུ་གྱུར་ཡོད། རྗེས་སུ་ཤེས་རྟོགས་བྱུང་བ་ལྟར་ན་ཁོང་གསུམ་ལ་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་མཐར། དཀར་མཛེས་རྫོང་མི་དམངས་སྨན་ཁང་ཟེར་བའི་ནང་བསྐྱལ་ཡོད་འདུག སྐབས་དེར་ནང་མི་རྣམས་སྨན་ཁང་དུ་ཁོང་ཚོར་ལྟ་རུ་བསྐྱོད་ཡོད་ཀྱང་ཐུག་བཅུག་མེད་པ་རེད། ཡིན་ནའང་། རྗེས་སུ་སྨན་ཁང་དེའི་སྨན་ཞབས་ཚོའི་ས་ནས་གོ་ཐོས་བྱུང་བ་ལྟར་ན། བཙུན་མ་དེ་ཚོའི་ཁྲོད་ནས་བཙུན་མ་གཅིག་འདས་གྲོངས་ཕྱིན་ཡོད་སྐོར་བརྗོད་འདུག

ལོ་གཉིས་ཀྱི་རྗེས་སུ་དེ་སྔོན་བཙུན་མ་ཡེ་ཤེས་ལྷག་སྒྲོན་དང་མཉམ་དུ་འཇུ་བཟུང་བྱས་པའི་བཙུན་མ་གཉིས་བཙོན་འཇུག་དུས་ཡུན་རྫོགས་ཏེ་ཕྱིར་གློད་ཡོད་ཀྱང་། ཡེ་ཤེས་ལྷག་སྒྲོན་་ལགས་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་མུ་མཐུད་གར་སོང་ཆ་མེད་གྱུར་ཡོད། ཁོ་མོའི་ནང་མིས་རོགས་པ་བཙུན་མ་དེ་གཉིས་ལ་བཙུན་མ་ཡེ་ཤེས་ལྷག་སྒྲོན་སྐོར་སྐད་ཆ་དྲིས་པར། སྐབས་དེར་ཁོང་ཚོ་གསུམ་ཁ་ཁར་བཀག་ཉར་བྱས་ཡོད་པ་དང་། འདྲི་གཅོད་སྐབས་མགོ་ལ་རས་ཁུག་ནག་པོ་ཞིག་སྐོན་ནས་མི་མཐོང་པ་བྱས་ཡོད་འདུག རྗེས་སུ་ཁོང་གཉིས་ལ་ལོ་གཉིས་རེའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག དེ་ལྟར་འཇུ་བཟུང་བཙོན་འཇུག་སྐབས་ཁོ་ཚོས་ཕན་ཚུན་གྱི་གནས་ཚུལ་གང་ཡང་ཤེས་རྟོགས་བྱུང་མེད་པ་རེད།

བཙུན་མ་ཡེ་ཤེས་ལྷག་སྒྲོན་ལགས་རྒྱ་གཞུང་གིས་འཇུ་བཟུང་བཙན་འཁྲིད་ཀྱིས་ད་ལྟ་ལོ་བརྒྱད་ལྷག་འདས་ཡོད་ཀྱང་། ད་དུང་ཁོ་མོ་འཆི་གསོན་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད། ཁོ་མོའི་ནང་མི་རྣམས་ཀྱིས་བཙུན་མ་ཡེ་ཤེས་ལྷག་སྒྲོན་གྱི་གནས་ཚུལ་ཤེས་རྟོགས་ཆེད། འདས་པའི་ལོ་བརྒྱད་རིང་འགྲོ་གྲོན་རྒྱ་སྒོར་ཁྲི་བཞི་ལྷག་བཏང་སྟེ་དཀར་མཛེས་དང་བྲག་མགོ གསེར་རྟ། ལི་ཐང་། ཉག་རོང་། རྟའུ་རྫོང་བཅས་འབྲེལ་ཡོད་དཔོན་རིགས་ལ་འབྲེལ་གཏུགས་ཀྱིས་འཚོལ་ཞིབ་དང་། དེ་བཞིན། བཙོན་ཁང་ནས་ཕྱིར་གློད་གྲོལ་ཐོབ་པའི་ཆབ་སྲིད་བཙོན་པ་དག་ལ་འདྲི་ཞིབ་བྱས་ཀྱང་། ཁོ་མོའི་གནས་ཚུལ་གང་ཡང་ཤེས་རྟོགས་བྱུང་མེད་པ་རེད། དེར་བརྟེན། ནང་མི་ཚོའི་ངོས་ནས་བཙུན་མ་ཡེ་ཤེས་ལྷག་སྒྲོན་ལགས་རྒྱ་གཞུང་གི་འཇུ་བཟུང་མནར་གཅོད་འོག་འདས་གྲོངས་ཕྱིན་ཟིན་པར་ངོས་འཛིན་མི་བྱེད་ཐབས་མེད་ཀྱིས། དགོན་སྡེ་ཁག་ལ་བསྔོ་རྟེན་བཞག་སྟེ་ཁོང་མོར་འདས་མཆོད་སྒྲུབ་དགོས་བྱུང་ཡོད་འདུག

རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱིས་མི་སེར་སྤེལ་བའི་དྲག་གནོན་དབང་བསྒྱུར་གྱི་ད་ལྟའི་ས་ཁོངས་དབྱེ་བགོས་ལྟར་བྱས་ན། བཙུན་མ་ཡེ་ཤེས་ལྷག་སྒྲོན་ལགས་ནི་རྒྱ་ནག་ཟི་ཁྲོན་ཞིང་ཆེན་ཁོངས་སུ་བཅད་བགོས་བྱས་ཡོད་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་གསེར་ཤིའུ་སྟིང་ཞང་གཙོ་ཆུ་སྡེ་བའི་ཡིན་པ་དང་། རྒྱ་གཞུང་གིས་འཇུ་བཟུང་སྐབས་ཁོ་མོ་རང་ལོ་ ༢༥ ཡིན། ཁོང་མོའི་ཕ་དངོས་གྲུབ་བསོད་ནམས་ལགས་ཀྱང་། ཕྱི་ལོ་ ༢༠༠༠ ལོར་ལྷ་སར་རྒྱ་གཞུང་གིས་ཆབ་སྲིད་ཉེས་མིང་འོག་འཇུ་བཟུང་བྱས་ཏེ། ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ནས་གྲ་བཞི་བཙོན་ཁང་དུ་བཅུག་མྱངས་ཡོད་པ་རེད། དེ་བཞིན། ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༨ ཉིན་ཁོང་མོའི་ཨ་ཁུ་དངོས་གྲུབ་ཕུན་ཚོགས་ལགས་ཀྱིས་ས་གནས་བོད་རིགས་ལ་སྣེ་ཁྲིད་ཀྱིས་ཞི་བའི་ངོ་རྒོལ་སྐད་འབོད་བྱས་པར། རྒྱ་གཞུང་ཉེན་རྟོག་དམག་མིས་མེ་མདའ་བརྒྱབ་སྟེ་དྲག་གནོན་གྱིས་ཁོང་ལ་རྨས་སྐྱོན་ཕོག་ཡོད་པ་མ་ཟད། རྗེས་སུ་ལོ་བརྒྱད་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ད་ལོའི་ཕྱི་ཟླ་ ༣ ཚེས་ ༢༠ ཉིན་ཟི་ཁྲོན་ཏིག་ཡཱང་བཙོན་ཁང་དུ་བཙོན་དུས་རྫོགས་ཏེ་ཕྱིར་གློད་གྲོལ་བཏང་ཡོད་འདུག

རྒྱ་གཞུང་གིས་བོད་མི་ཞི་བའི་ངོ་རྒོལ་གནང་མཁན་རྣམས་འཇུ་བཟུང་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་དང་། བཙོན་འོག་ཏུ་མི་སྤྱོད་ལས་འདས་པའི་སྡུག་སྦྱོང་མནར་གཅོད་བཏང་སྟེ་འདས་གྲོངས་འགྲོ་བཞིན་པ། དེ་བཞིན། བཙོན་ཁང་ནས་བཙོན་དུས་རྫོགས་ཏེ་ཕྱིར་གློད་རྗེས་ཡུན་རིང་འཚོ་མ་ཐུབ་པར་འདས་གྲོངས་འགྲོ་བཞིན་པའི་ཛ་དྲག་གནས་སྟངས་མུ་མཐུད་ཤུགས་ཆེན་པོ་བྱུང་བཞིན་ཡོད། རྒྱ་གཞུང་གིས་བོད་མིའི་ཐོག་སྤེལ་བཞིན་པའི་བྱ་སྤྱོད་དེ་རིགས་ནི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་འགལ་ཡོད་པ་མ་ཟད། རྒྱ་གཞུང་རང་ཉིད་ཀྱི་ <<རྩ་ཁྲིམས>> དང་ <<ཉེས་ཁྲིམས>> <<ཉེས་དོན་ཞུ་གཏུག་བཅའ་ཁྲིམས།>> <<བཙོན་ཁང་གི་དོ་དམ་བཅའ་ཁྲིམས>> བཅས་ཀྱི་ཁས་ལེན་དང་རྒྱབ་འགལ་ཆགས་ཡོད།

དེ་བས། འདི་ག་ལྟེ་གནས་ཁང་གི་ངོས་ནས་རྒྱ་གཞུང་གིས་བོད་མི་རྣམས་ལ་ཆབ་སྲིད་ཉེས་མང་འདྲ་མིན་འོག་འཇུ་བཟུང་བཙན་འཁྲིད་ཐོག མི་སྤྱོད་ལས་འདས་པའི་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པའི་བྱ་སྤྱོད་དུ་འཕྲལ་དུ་མཚམས་འཇོག་པ་ནན་སྐུལ་བྱེད་ཀྱིན་ཡོད། དེ་བཞིན། རྒྱ་གཞུང་གི་ངོས་ནས་ <<མནར་གཅོད་དང་མི་སྤྱོད་ལས་འདས་པའི་གདུག་རྩུབ་དང་ཉེས་ཁྲིམས་སོགས་འགོག་ཐབས་རྒྱལ་སྤྱིའི་སྤྱི་ཆིངས>> ཀྱིས་མཚོན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཆིངས་དང་ཁྲིམས་སྒྲིག་ཁག་མང་པོར་ཁས་ལེན་ལག་བསྟར་གྱི་མིང་རྟགས་བཀོད་ཡོད་སྟབས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཙོས་འཛམ་གླིང་རྒྱལ་ཁབ་ཁག་དང་། འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་བཅས་ནས་བོད་ནང་མུ་མཐུད་ལག་བསྟར་བྱེད་བཞིན་པའི་མི་སྤྱོད་ལས་འདས་པའི་སྡུག་སྦྱོང་མནར་གཅོད་དང་ཁྲིམས་གཅོད་རིགས་མཚམས་འཇོག་ཡོང་ཆེད། རྒྱ་གཞུང་ལ་དངོས་ཤུགས་བརྒྱུད་གསུམ་ནས་གནན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད།