28/09/2020

བཙན་དབང་སྒེར་གཅོད་ཀྱི་ཁ་གཏད་དུ་མཉམ་ཪུབ་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ། བོད་དོན་རྒྱབ་སྐྱོར་བ་ལྕམ་རའོ་སི་ཐང་།

  •   
  •  
  •  
  •  
  •  
  •  
  •  

“ང་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས། དྲང་བདེན་དང་རང་དབང་རྩོད་ལེན་བྱེད་རྒྱུ་ནི་ངའི་འགན་འཁྲི་ཡིན་ལ། དམར་ཤོག་སྲིད་གཞུང་གི་དབང་སྒྱུར་དང་འཇིགས་སྐུལ་འགོ་གི་བོད་དང་ཧོང་ཀོང་། ཡུ་གུར་དང་སོག་པོ། མན་ཇུ་དང་ཐའེ་ཝན་མི་མང་ལ་རྒྱབ་སྐྱོར་བྱེད་རྒྱུ་ནི་ངའི་འོས་འགན་ཡིན།”

གཟའ་འཁོར་འདིའི་ཞི་རྒོལ་ཐོབ་ཐང་ལས་འགུལ་ནང་མཉམ་ཞུགས་གནང་མཁན་ལྕམ་རའོ་སི་ཐང་ནི་རྩོམ་པ་བོ་དང་སྒྱུ་རྩལ་པ། ལས་འགུལ་བ་བཅས་ཡིན་པ་དང་ཨ་རིའི་བྷ་རོ་ཁ་ལེན་ས་ཁུལ་དུ་གནས་སྡོད་བྱས་ཡོད་པ་རེད། ཕྱི་ལོ་༡༩༨༩ ལོར་གནམ་བདེ་སྒོ་མོ་ཆེ་ཐང་ཆེན་དུ་བྱུང་བའི་དམར་གསོད་ཆེན་མོའི་ཁྲོད་སྲོག་ཉེན་ལས་ཐར་བ་ནས་བཟུང་མོས་ཞི་རྒོལ་ལས་འགུལ་སྤེལ་མུས་ཡིན་པ་རེད།

“ང་ཚོ་མི་ཡུལ་འདིར་ལས་འགུལ་སྤེལ་ཆེད་དུ་སྐྱེས་པ་མིན་པ་དྲན་འོས། ང་རང་ཡང་ལས་འགུལ་སྤེལ་ཆེད་དུ་སྐྱེས་མིན་མོད། འོན་ཀྱང་ཞི་རྒོལ་ཙམ་ཡང་མི་བྱེད་པར་ང་ཚོ་ཁུ་སིམ་མེར་སྡོད་ཐབས་མི་འདུག ང་ཚོས་རང་ཉིད་ཀྱི་མངོན་འདོད་ཅིས་ཀྱང་འདོར་ཐབས་མི་འདུག གལ་ཏེ་ང་ཚོས་འཐབ་རྩོད་མ་གནང་ཚེ། འཇིག་རྟེན་སྣོད་བཅུད་གཉིས་ཀར་གཏོར་བཅོམ་ཐེབས་ངེས་རེད། ང་ཚོས་མངོན་འདོད་བརྗོད་དགོས། ང་ཚོས་ཕན་ཚུན་བྱམས་སྐྱོང་བྱེད་དགོས། བཅོས་སྒྱུར་གཏོང་མི་ཐུབ་པའི་བྱ་གཞག་གླིང་ན་མེད་པ་ང་ཚོས་དྲན་འོས།

“ང་ཚོ་བྱུང་རབས་ལོ་རྒྱུས་ཀྱི་དྲང་ཕྱོགས་ན་འགྲེང་ཡོད། ང་ཚོས་བཙན་ཤེད་དང་དབྱེ་འབྱེད་གཏོང་མཁན་ཚོར་དྲང་བདེན་བརྩད་ན། ང་ཚོ་རྒྱལ་ངེས་ཡིན། གལ་ཏེ་ང་ཚོས་མངོན་འདོད་མ་བརྗོད་ན། གལ་ཏེ་ང་ཚོས་འཐབ་རྩོད་མ་གནང་ཚེ། ཕ་རོལ་བོས་ང་ཚོའི་འཐབ་རྩོད་ལ་རམ་འདེགས་གནང་མི་སྲིད། ང་ཚོ་ཚང་མས་མཉམ་དུ་འཐབ་རྩོད་གནང་ན། རྒྱལ་ཁ་ནམ་ཡང་ང་ཚོར་འཐོབ་ངེས་ཡིན།”

ལྕམ་རའོ་སི་ཐང་ཐེངས་འདིའི་ཞི་རྒོལ་ཐོབ་ཐང་ལས་འགུལ་ནང་མཉམ་ཞུགས་ཀྱིས་རྒྱ་གཞུང་ལ་འབོད་སྐུལ་གནང་དོན།

༡༽ ཞི་བའི་འདུ་འཛོམ་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཡིག་རྩ་འཛིན་དང་འགལ་བའི་རྒྱ་གཞུང་གི་ལག་བསྟར་སྲིད་ཇུས་ཁག་མྱུར་དུ་མཚམས་འཇོག་དགོས།

༢༽ ཞི་རྒོལ་བར་བཙན་དབང་གིས་དྲག་གནོན་དང་བཀག་བསྐྱིལ་བྱེད་ཐབས་ཀྱི་སྲིད་ཇུས་མེད་པར་བཟོ་དགོས།

༣༽ ཞི་རྒོལ་བ་གང་བྱུང་བཀག་ཉར་དང་མནར་གཅོད་གཏོང་མཁན་སྲིད་གཞུང་གི་དཔོན་རིགས་ཚོར་ཉེས་ཆད་འགེལ་དགོས།

༤༽ བཙན་དབང་འོག་གར་སོང་ཆ་མེད་དུ་འགྱུར་རིགས་འགོག་པའི་རྒྱལ་སྤྱིའི་སྤྱི་ཆིངས་དང་། སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས་གཉིས་ལ་ལག་བསྟར་ཆོག་མཆན་འགོད་དགོས།

༥༽ ཞི་བའི་འདུ་འཛོམ་དང་ཚོགས་འཛུགས་རང་དབང་གི་ཐོབ་ཐང་ཐད་ཀྱི་རྒྱལ་ཚོགས་ཀྱི་དམིགས་བསལ་སྙན་སྒྲོན་པ་གདད་ཞུ་ཞུས་ནས། ད་ལྟའི་བོད་ནང་གི་ཞི་བའི་འདུ་འཛོམ་རང་དབང་ཐོབ་ཐང་གི་དངོས་ཡོད་གནས་སྟངས་ལ་རྟོག་ཞིབ་རྒྱུས་ལོན་བྱེད་དུ་འཇུག་དགོས།

ཕྱི་ཟླ་༥ ཚེས་༣ ཉིན་ནས་འདི་ག་ལྟེ་གནས་ཁང་གིས་ཞི་རྒོལ་ཐོབ་ཐང་གི་ལས་འགུལ་འགོ་བཙུགས་ཏེ། བོད་མིའི་ཞི་རྒོལ་སྙིང་སྟོབས་དང་སེམས་ཤུགས་བཅས་མཚོན་པའི་བྱུང་རིམ་ལོ་རྒྱུས་འགྲེམ་སྤེལ་གྱིས། ད་ཆར་རྒྱ་གཞུང་གིས་ཏོག་དབྱིབས་ནད་དུག་གི་གོ་སྐབས་བེད་སྤྱད་ནས། བོད་ནང་དུ་ཞི་བའི་ཐོག་ནས་འདོད་མོས་མེད་པའི་རྣམ་འགྱུར་ཇི་འདྲ་ཞིག་བསྟན་ནའང་། དེ་ལ་ཚབས་ཆེའི་དྲག་གནོན་དང་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པ་སྦེད་ཐབས་ཀྱི་སྒྲིབ་གཡོག་བཤུས་ཏེ། བོད་མིའི་སྨྲ་བརྗོད་རང་དབང་གསལ་འདོན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།

འདི་ལོའི་ཕྱི་ཟླ་༡༢ ཚེས་༡༠ ཉིན་ཏེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོའི་བར་དུ། ཐེངས་འདིའི་ལས་འགུལ་བརྒྱུད་བོད་དོན་ལས་འགུལ་བ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གནང་མཁན་མི་སྣ་༣༠ ཡི་རེ་འདུན་དང་བློ་སྤོབས། ཞི་རྒོལ་བཅས་ཀྱི་གནས་ཚུལ་རིམ་པར་སྤེལ་འཆར་ཡོད།