31/05/2020

བཙན་དབང་གི་ཆབ་སྲིད་སློབ་གསོའི་འོག་ཏུ་རྒྱ་གཞུང་གིས་གར་སོང་ཆ་མེད་བཟོས་པའི་བོད་མི་གཉིས་མྱུར་དུ་གློད་གྲོལ་གཏོང་དགོས།

  •   
  •  
  •  
  •  
  •  
  •  
  •  
ལྷ་དར།

འདི་ག་ལྟེ་གནས་ཁང་གི་ངོས་ནས། ཆབ་སྲིད་སློབ་གསོའི་བཙན་སྐུལ་འོག་ཏུ་རྒྱ་ནག་དམར་ཤོག་གཞུང་གི་ཆབ་སྲིད་ལྟ་སྤྱོད་མི་མཐུན་མཁན་དང་། ལྷག་པར་དུ་བོད་མིའི་འགྲོ་འདུག་རང་དབང་ལ་དམ་དྲག་དོགས་གཟོན་གྱིས་སུན་གཙེར་གཏོང་བཞིན་པར་མི་འདོད་པའི་རྣམ་འགྱུར་སྟོན་མཁན་བོད་མི་གཉིས་གང་བྱུང་འཛིན་བཟུང་བྱས་རྗེས། ད་རག་བར་ཁོང་གཉིས་གར་ཡོད་ཅི་བྱས་ཀྱི་དངོས་ཡོད་གནས་སྟངས་ཤེས་རྟོགས་མི་ཐུབ་པ་བཟོས་པའི་གནས་ཚུལ་དེ། རྒྱ་གཞུང་གིས་ངེས་པར་དུ་གསལ་བཤད་ཀྱིས། ཁོང་གཉིས་མྱུར་དུ་གློད་གྲོལ་གཏོང་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུ་ཡི་ཡོད།

དམར་ཤོག་སྲིད་གཞུང་བཙུགས་ནས་མི་ལོ་༧༠ ལོན་པའི་རྒྱལ་སྟོན་སྐབས་སུ”རྒྱལ་ཁབ་ཀྱི་བདེ་འཇགས”དང”སྤྱི་ཚོགས་བརྟན་ལྷིང”ཁ་རུ་ཁྱེར་ནས། སྔ་རྗེས་སུ་བོད་ལྗོངས་ནག་ཆུ་ས་ཁུལ་ཁམས་ཤག་རོང་པོ་ནས་ཡིན་པའི་ནོར་བཟང་དང་ལྷ་དར་གཉིས་འཛིན་བཟུང་བཀག་བསྐྱིལ་བྱས་ཡོད་པ་རེད།

ན་ནིང་ཕྱི་ཟླ་༡༠ ཚས་༨ ཙམ་ལ་རྒྱ་གཞུང་གིས་ལྷ་དར་གང་བྱུང་འཛིན་བཟུང་བྱས་པ་དང་། ཁོང་གི་ནང་མི་དང་འབྲེལ་ཡོད་ཚོས་ཁོང་ལ་གསང་བ་ཕྱིར་བསྒྲགས་ཀྱི་ཉེས་འཛུགས་ཐེབས་པར་ཚོད་དཔག་གནང་གི་འདུག

རང་ལོ་༣༧ ཡིན་པའི་ལྷ་དར་ནི་བོད་ལྗོངས་ནག་ཆུ་ས་ཁུལ་ཁམས་ཤག་རོང་པོ་རྟ་ཆེན་ཡུལ་ཚོ་ཚ་ལྷིའི་གྲོང་ནས་ཡིན་པ་དང་། ན་ནིང་ཕྱི་ཟླ་༩ ཚེས་༢༠ ཙམ་ནས་རྒྱ་ནག་གཞུང་གིས་ཤག་རོང་པོའི་ཕྱོགས་སུ་དམ་དྲག་དོགས་གཟོན་ཤུགས་ཆེར་བཏང་བ་དང་། སྐབས་དེར་ས་གནས་སྲིད་གཞུང་གི་མི་སྣས་ལྷ་དར་ལ་ཁ་པར་བཏང་ནས་ཁོ་རང་ས་ཕྱོགས་ཡར་མར་གང་ལའང་སོང་མི་ཆོག་པའི་བཀའ་རྒྱ་བཏང་བ་ལྟར། གོང་ཞུས་ཟླ་ཚེས་ཉིན་དངོས་སུ་འཛིན་བཟུང་གིས་གར་སོང་ཆ་མེད་བཟོས་ཡོད།

དེ་བཞིན་དུ་ན་ནིང་ཕྱི་ཟླ་༩ བའི་ཟླ་མཇུག་ཙམ་ལ་བོད་ལྗོངས་ནག་ཆུ་ས་ཁུལ་ཁམས་ཤག་རོང་པོ་ནས་རྒྱ་ནག་ས་གནས་སྲིད་གཞུང་གིས། ཆབ་སྲིད་སློབ་གསོའི་མིང་བྱང་འོག་ཏུ་བོད་མི་༦ འཛིན་བཟུང་བཙན་ཁྲིད་བྱས་པའི་གྲས་ནས། ཤག་རོང་པོ་རྟན་ཆེན་ཡུལ་ཚོ་སྲ་བྷ་གྲོང་ནས་ཡིན་པ་རང་ལོ་༣༦ སོན་པའི་ནོར་བཟང་ཞུ་བ་ཞིག་ཀྱང་གར་སོང་ཆ་མེད་བཟོས་ཏེ། ད་དུང་ཡང་ཁོང་གར་ཡོད་ཅི་བྱས་དང་ཤི་གསོན་གྱི་གནས་སྟངས་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད།

དེ་ཡང་དམར་ཤོག་ཚོགས་པ་བཙུགས་ནས་མི་ལོ་༧༠ ལོན་པའི་རྒྱལ་སྟོན་ཐོན་ལ་ཉེ་སྐབས། རྒྱ་ནག་ས་གནས་སྲིད་གཞུང་གི་དབང་འཛིན་དཔོན་རིགས་དང་ཏང་ཡོན་ལས་བྱེད་ཚོའི་འཆར་ཅན་གོ་སྒྲིག་འོག་ཏུ། ས་གནས་མང་ཚོགས་ལ་བཙན་གྱིས་ཏང་དར་འཕྱར་ནས་ཏང་ལ་སྟོད་གླུ་ལེན་འཇུག་པ་དང་། ལྷག་པར་དུ“བདེ་འཇགས”དང“བརྟན་ལྷིང”གི་མིང་ཐོག་ནས་དོགས་ཡོད་མི་སྣར་འདྲི་གཅོད་བྱས་སྐབས། ནོར་བཟང་གི་རྣམ་འགྱུར་ཡག་པོ་མེད་ལུགས་དང་། ཁོང་གིས་རྒྱ་གཞུང་གི་དར་དམར་འཕྱར་ནས་དམར་ཤོག་ཚོགས་པར་བསྟོད་གླུ་མ་བླངས་པའི་ཉེས་མིང་འོག་ཏུ། ཤག་རོང་པོ་རྟ་ཆེན་ཡུལ་ཚོར་འབོད་འགུག་གིས་བཀག་བསྐྱིལ་བྱས་པ་དང་། ནང་མི་ཚོས་ཟ་མ་དང་ཉལ་ཆས་སྤྲོད་ཆོག་པའི་རེ་བ་ཞུས་ཀྱང་། མི་སུ་ལའང་ཐུག་བཅུག་མེད་ཁར། དེ་ལྟར་བྱས་ཚེ་བཀག་ཉར་གྱི་དུས་ཡུན་ཇེ་རིང་ལ་གཏོང་རྒྱུ་ཡིན་རབས་ཀྱི་འཇིགས་སྐུལ་བཏང་འདུག

ནོར་བཟང་།

“མེས་རྒྱལ་གཅིག་གྱུར”དང“མི་རིགས་མཐུན་སྒྲིལ”གྱི་མིང་བྱང་འོག་ཏུ་ཉེ་བའི་ལོ་ངོ་འདི་དག་རིང་རྒྱ་གཞུང་གིས་བོད་ཁུལ་དུ་ཆབ་སྲིད་སློབ་གསོ་དང་བྱེད་སྒོ་སྣ་ཚོགས་ལག་བསྟར་གྱིས་མི་རིགས་རྒྱ་སྒྱུར་དང་སྐད་ཡིག་རིག་གཞུང་རྒྱ་སྒྱུར་གཏོང་མུས་ཡིན་པ་རེད།

ཕྱི་ལོ་༢༠༡༩ ཟླ་༡༡ ནང་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློའི་སློབ་གསོའི་ཁྲིད་སྟོན་༼དེས་འདས་པའི་ལོ་ངོ་འདི་དག་རིང་ཞི་ཅིན་ཕིན་གྱི་སྲིད་དབང་གཅིག་སྡུད་སྒེར་གཅོད་འོག་ཏུ་གུང་ཁྲན་ཏང་ལ་དགའ་ཞེན་ཡོང་ཐབས་ཀྱི་མཁྲེགས་འཛིན་སྲིད་ཇུས་ཁག་མཚོན་ཡོད།༽བསྐྱར་ཞིབ་ཚོགས་འདུ་བསྐོངས་ནས“དུས་རབས་གསར་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལག་བསྟར་རྩ་གནད”ཟེར་བ་བཀྲམ་པ་དང་། རྩ་གནད་དེའི་ནང་འཁོད་ཀྱི་བརྗོད་དོན་གཙོ་བོ་ཏང་ལ་དགའ་ཞེན་དང་མེས་རྒྱལ་དགའ་ཞེན་ཟེར་བ་སོགས་ཡིན་པ་དང་། དེ་ནི་ཕྱི་ལོ་༡༩༩༤ ལོ་ནས་བཟུང་ལག་བསྟར་བྱས་པའི་རྒྱལ་གཅེས་རིང་ལུགས་ཀྱི་ཆབ་སྲིད་སློབ་གསོ་དམིགས་འདུན་དུ་བཟུང་ནས་སྔར་ལྷག་གསལ་འདོན་བྱས་པ་ཞིག་རེད་ལ། གཅེས་རིང་ལུགས་ཀྱི་སློབ་གསོའི་ལག་བསྟར་རྩ་གནད་ཀྱི་ནང་དུ་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློའི་སློབ་གསོ་དེ་གཞོན་ནུ་ལོ་ཆུང་རྣམས་ཀྱི་སེམས་ཀྱི་གཏིང་ལ་ཟུག་ཅིང་གནས་དགོས་རབས་དང་། རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློའི་སློབ་གསོ་དེ་སྤྱི་ཚོགས་ཁྱོན་ཡོངས་ལ་ཁྱབ་དགོས་ལུགས་ནན་བཤད་བྱས་འདུག

ཕྱི་ལོ་༢༠༡༦ ལོ་ནས་བོད་ནང་དུ་མུ་མཐུད“སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་ཀྱི་སློབ་གསོའི་བྱེད་སྒོ”ཟེར་བ་ལག་བསྟར་བྱེད་མུས་ཡིན་པ་དང་། དེ་ཡང་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་པའི་གཞུང་ལུགས་དང་ཞི་ཅིན་ཕིན་གྱི་དགོངས་དོན་སློབ་སྦྱོང་། དམར་ཤོག་སྲིད་གཞུང་གི་ཁྲིམས་སྒྲིག་སྣ་ཚོགས་སྒྲོག་འགྲེལ་ཁྱབ་སྤེལ་གཏོང་ཐབས་ཤིག་ཡིན་པ་དང་། ལས་འགུལ་དེའི་དམིགས་ཡུལ་གཙོ་བོ་ནི་མང་ཚོགས་ཀྱིས་ཏང་ལ་དགའ་ཞེན་ཡོང་ཐབས་མངོན་འགྱུར་བྱ་རྒྱུ་དང་། ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་ལྟ་སྤྱོད་དང་མི་མཐུན་པའི་བསམ་འཆར་འདོན་མཁན་ནམ་སྐྱོན་བརྗོད་གནང་མཁན་ཚང་མ་ཚར་གཅོད་གཏོང་རྒྱུ་དེ་ཡིན་པ་རེད།

འདི་ག་ལྟེ་གནས་ཁང་གི་ངོས་ནས། རྒྱ་གཞུང་གིས་བཙན་དབང་གིས་གཞི་རྒྱ་ཆེ་བའི་ཆབ་སྲིད་སློབ་གསོའི་ལས་འགུལ་སྤེལ་བཞིན་པ་མྱུར་དུ་མཚམས་བཞག་ནས། བཀག་བསྐྱིལ་འོག་གི་ནོར་བཟང་དང་ལྷ་དར་གཉིས་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད། ཁོང་རྣམ་པ་གཉིས་ནས་སོ་སོའི་དཔྱད་ཤེས་ཀྱི་ཐོབ་ཐང་ལོངས་སུ་སྤྱད་པར་བརྟེན་ནས་རྒྱ་གཞུང་གིས་ཁོང་གཉིས་བཀག་བསྐྱིལ་བྱས་པ་རེད། ལྷ་དར་དང་ནོར་བཟང་གཉིས་གར་སོང་ཆ་མེད་བཟོས་པ་དེས། རྒྱལ་སྤྱིའི་ཁྲིམས་ཡིག་རྩ་འཛིན་ཁག་གཙོས། རྒྱ་གཞུང་རང་གི་ཁྲིམས་སྒྲིག་ཁག་ཀྱང་རྩིས་མེད་རྡོག་རོལ་བཏང་ཡོད། རྒྱ་གཞུང་གིས་མི་སེར་སྤེལ་བའི་སྲིད་ཇུས་དང་དམར་ཤོག་གཞུང་གི་སྲིད་དབང་གཅིག་སྡུད་སྒེར་གཅོད་སྲུང་སྐྱོང་བྱེད་ཐབས་ཀྱི་ཆབ་སྲིད་ལས་དོན་ལ་བརྟེན་ནས། བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་སྟེ། ཁོང་ཚོར་ཟམ་མི་ཆད་པར་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པ་མྱུར་དུ་མཚམས་འཇོག་དགོས།