26/02/2021

བཀྲ་ཤིས་དབང་ཕྱུག་ལ་ཆབ་སྲིད་ཉེས་མིང་གཡོག་པ་ནི་ཁྲིམས་འགལ་བྱ་སྤྱོད་ཅིག་རེད།

  •   
  •  
  •  
  •  
  •  
  •  
  •  

TashiWangchuk_MultiSocial-2བོད་ཀྱི་སྐད་ཡིག་རིག་གནས་སྲུང་སྐྱོབ་པ་བཀྲ་ཤིས་དབང་ཕྱུག་ལགས། རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བཙན་འཁྲིད་ཀྱིས་ཟླ་ ༥ ལྷག་ཕྱིན་ཡོད་ཀྱང་། ད་ལྟའི་བར་ཁོང་གི་ཁྲིམས་བཤེར་གནས་ཚུལ་སྐོར་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པའི་གནས་སྟངས་འོག་ཡོད་པ་རེད། འདི་ག་ལྟེ་གནས་ཁང་གིས་ས་གནས་རྒྱ་གཞུང་གི་ཉེས་མེད་ཉེས་འཛུགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་དེར་སྐྱོན་བརྗོད་དྲག་པོ་དང་། ཁོང་གི་གཟུགས་པོའི་བདེ་ཐང་ཐད་བློ་འཚབ་ཆེན་པོ་བྱེད་ཀྱིན་ཡོད།

འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༧ ཉིན་རྒྱ་གཞུང་ཉེན་རྟོག་པས་བཀྲ་ཤིས་དབང་ཕྱུག་ལགས་འཇུ་བཟུང་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་ཡོད། རྗེས་སུ་རྒྱལ་སྤྱིའི་བརྒྱུད་ལམ་ཁག་གིས་དོ་སྣང་ཤུགས་ཆེན་བྱས་པར་བརྟེན། ཕྱི་ཟླ་ ༣ ཚེས་ ༢༤ ཉིན་ཁོང་གི་ནང་མིར་བཀྲ་ཤིས་དབང་ཕྱུག་ལགས་དངོས་སུ་འཛིན་བཟུང་བྱས་པའི་བརྡ་ཡིག་ཅིག་སྤྲད་ཡོད་པ་རེད། ཡིན་ནའང་། ནང་མིར་ཐུག་འཕྲད་བྱེད་བཅུག་མེད་པ་མ་ཟད། ཁོང་གར་ཡོད་ཀྱི་གནས་ཚུལ་གང་ཡང་ནང་མིར་གསལ་བརྗོད་བྱས་མེད་པ་རེད། ནེའུ་ཡོག་དུས་བབ་ཀྱི་གསར་འགོད་པས་ཁ་པར་བརྒྱུད་རུས་ཀྲང་ཅན་གྱི་ས་གནས་ཉེན་རྟོག་དཔོན་རིགས་ཤིག་ལ་སྐད་ཆ་དྲིས་སྐབས། ཁོས་ས་གནས་རྒྱལ་ཁབ་བདེ་སྲུང་ཚན་པས་བཀྲ་ཤིས་དབང་ཕྱུག་གི་གྱོད་དོན་སྒྲུབ་ཀྱིན་ཡོད་སྐོར་ཙམ་ལས་ཞིབ་ཕྲའི་གནས་ཚུལ་གང་ཡང་བརྗོད་མེད་པ་རེད།

བཀྲ་ཤིས་དབང་ཕྱུག་ལགས་ནི་བོད་མདོ་ཁམས་ཡུལ་ཤུལ་ས་ཁུལ་དུ་བོད་ཀྱི་སྐད་ཡིག་དང་རིག་གནས་སྲུང་སྐྱོབ་ཆེད་ཕྱག་ལས་གནང་མཁན་ཞིག་ལ། ས་གནས་རྒྱ་གཞུང་གིས་བོད་ཀྱི་སྐད་ཡིག་རིག་གནས་ཉམས་རྒུད་གཏོང་བཞིན་པའི་ཐད་གོང་རིམ་སྲིད་གཞུང་ལ་ཞུ་གཏུག་འབོད་སྐུལ་དང་། དྲ་རྒྱའི་སྟེང་བོད་སྐད་ཡིག་སྲུང་སྐྱོབ་སྐོར་གྱི་བསམ་ཚུལ་དང་རྩོམ་ཡིག་སྤེལ་བ། དེ་བཞིན། ཡུལ་ཤུལ་ས་ཁུལ་ཏུ་བོད་ཀྱི་སྐད་ཡིག་དང་རིག་གནས་ཉམས་རྒུད་འགྲོ་བཞིན་པའི་དངོས་ཡོད་གནས་ཚུལ་རྣམས་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་དྲང་བརྗོད་བྱས་པ་བཅས་ལ་བརྟེན་ནས། ས་གནས་རྒྱ་གཞུང་གིས་ཁོང་ལ་ “རྒྱལ་ཁབ་ཁ་བྲལ་སྐུལ་སློང” ཞེས་པའི་ཆབ་སྲིད་ཀྱི་ཉེས་མིང་བཀལ་ཏེ་འཛིན་བཟུང་བཀག་བསྐྱིལ་ཐོག ད་ལྟའི་བར་ཁོང་གི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

རྒྱ་གཞུང་གི་ཉེས་དོན་ཞུ་གཏུག་བཅའ་ཁྲིམས་ལྟར་ན། སྐྱེ་བོ་གང་ཞིག་འཇུ་བཟུང་རྗེས་ཆུ་ཚོད་ཉེར་བཞིའི་ནང་ཁོང་གི་ནང་མིར་བརྡ་ལན་སྤྲོད་དགོས་ཀྱི་ཡོད་པ་རེད། (དོན་ཚན་ ༨༣ པ།) ཡིན་ནའང་། བོད་དང་ཤར་ཏུར་ཀི་སི་ཐན། ལྷོ་སོག་བཅས་སུ། སོ་སོ་མི་རིགས་ཀྱི་སྐད་ཡིག་རིག་གནས་དང་ཁོར་ཡུག་སྲུང་སྐྱོབ་པ་དང་། མི་རིགས་ཀྱི་ཐོབ་ཐང་དང་རང་དབང་རྩོད་ལེན་པ་མང་པོར་ཆབ་སྲིད་ཀྱི་ཉེས་མིང་གཡོག་སྟེ། གང་བྱུང་འཇུ་བཟུང་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་དུ་འགྱུར་བཞིན་པའི་ཛ་དྲག་གནས་སྟངས་རིགས་ཁྲིམས་མཐུན་གྱི་རྣམ་པར་བསྒྱུར་ཐབས་སུ། རྒྱ་གཞུང་གིས་ཕྱི་ལོ་ ༢༠༡༢ ལོར་ཉེས་དོན་ཞུ་གཏུག་བཅའ་ཁྲིམས་ལ་བསྐྱར་བཅོས་བྱས་ཏེ། “རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་ནག་ཉེས་དང་། དྲག་སྤྱོད་བྱ་འགུལ་གྱི་ནག་ཉེས་བཅས་ལ་འབྲེལ་ཡོད། བརྡ་ལན་སྤྲད་ཚེ་ཞིབ་བཤེར་གྱི་གནས་བབ་ལ་གནོད་སྲིད་པའི་རིགས་ཕུད། བཀག་ཉར་རྗེས་ཆུ་ཚོད་ ༢༤ ནང་འབྲེལ་ཡོད་བཀག་ཉར་ཐེབས་མཁན་གྱི་ནང་མིར་བརྡ་ལན་སྤྲོད་དགོས།” ཞེས་སུ་བསྒྱུར་ཡོད་པ་རེད། དཔེར་ན། བཀྲ་ཤིས་དབང་ཕྱུག་ལགས་ལའང་ “རྒྱལ་ཁབ་ཁ་བྲལ་སྐུལ་སློང” གི་ནག་ཉེས་བཙལ་འགེལ་ཐོག ཁོང་འཇུ་བཟུང་བཙན་འཁྲིད་རྗེས་ནང་མིར་བརྡ་ལན་གང་ཡང་མ་སྤྲད་དུས་ཡུན་རིང་པོའི་ནང་གར་སོང་ཆ་མེད་ཀྱི་གནས་སྟངས་འོག་ལྷག་དགོས་བྱུང་ཡོད་པ་རེད།

གཞན་ཡང་། རྒྱ་གཞུང་གི་ཉེས་དོན་ཞུ་གཏུགས་བཅའ་ཁྲིམས་ལྟར་ན། དོགས་ཡོད་ཉེས་ཅན་པ་གང་ཞིག་བཀག་ཉར་དུས་ཡུན་ཉིན་ ༡༤ དང་།(དོན་ཚན་ ༡༦༥ པ།) དངོས་སུ་འཛིན་བཟུང་དང་མྱུལ་ཞིབ་ཀྱི་དུས་ཡུན་ཟླ་ ༢ ཡིན།(དོན་ཚན་ ༡༥༤ པ།) ཁྲིམས་བཤེར་ཞུ་གཏུག་དུས་ཡིན་ཟླ་ ༡ ཡིན།(དོན་ཚན་ ༡༦༩ པ།) ཁྲིམས་ཁང་གིས་ཁྲིམས་བཤེར་ཐག་གཅོད་རིམ་པ་དང་པོའི་དུས་ཡུན་ཟླ་ ༢ ནང་ཚུད་ཡིན། (དོན་ཚན་ ༢༠༢ པ།) དེ་ལྟར་དམིགས་བསལ་གྱི་ཛ་དྲག་གནས་སྟངས་རིགས་ཕུད། སྤྱིར་བཏང་ཁྱོན་བསྡོམས་དུས་ཡུན་ཟླ་ ༥ དང་ཕྱེད་ཀའི་ནང་ཐོག་གཅོད་གྲུབ་དགོས་ཀྱི་ཡོད་པ་རེད། ཡིན་ནའང་། བཀྲ་ཤིས་དབང་ཕྱུག་ལགས་འཛིན་བཟུང་བཀག་ཉར་བྱས་ཏེ་ཟླ་ལྔ་ལྷག་ཕྱིན་ཡོད་ཀྱང་ད་དུང་ཐག་གཅོད་གང་ཡང་བྱུང་མེད་པ་མ་ཟད། འཇུ་བཟུང་དང་བཀག་བསྐྱིལ། འཛིན་བཟུང་མྱུལ་ཞིབ། ཁྲིམས་བཤེར་ཞུ་གཏུག ཁྲིམས་ཁང་གི་ཁྲིམས་གཅོད་སོགས། བརྒྱུད་རིམ་མཐའ་དག་ཕྱི་གསལ་ནང་གསལ་དང་ཡོངས་བསྒྲགས་མ་ཡིན་པར་ལྐོག་ལྐོག་སུལ་སུལ་བྱེད་ཀྱིན་ཡོད་སྟབས། ད་ལྟའི་ཆར་ཁོང་གི་ཁྲིམས་བཤེར་གནས་སྟངས་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

སྤྱིར་བཏང་རྒྱ་ནག་གི་རྩ་ཁྲིམས་དང་། མི་རིགས་རང་སྐྱོང་བཅའ་ཁྲིམས། འོས་འགན་སློབ་གསོའི་བཅའ་ཁྲིམས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བཅའ་ཁྲིམས། དེ་བཞིན། རྒྱལ་ཁབ་ཀྱི་དུས་ཡུན་འབྲིང་རིང་གི་སློབ་གསོ་བཅོས་བསྒྱུར་དང་འཕེལ་རྒྱས་འཆར་གཞིའི་རྩ་འཛིན། སོགས་རྒྱལ་ཁབ་ཀྱི་ཁྲིམས་སྒྲིག་རིམ་པའི་ནང་གྲངས་ཉུང་མི་རིགས་རྣམས་ལ་སོ་སོའི་སྐད་ཡིག་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཅས་ཀྱི་ཐོབ་ཐང་ཡོད་པ་གསལ་པོ་འཁོད་ཡོད། ཡིན་ནའང་། བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་སྤྱི་དམངས་ཤིག་གི་འོས་འགན་ཕྲག་ཏུ་བླངས་ཏེ། ཡུལ་ཤུལ་ས་གནས་སུ་བོད་ཀྱི་སྐད་ཡིག་རིག་གནས་ཉམས་རྒུད་དུ་གཏོང་བཞིན་པའི་ས་གནས་གཞུང་གི་ཁྲིམས་འགལ་བྱ་སྤྱོད་དག་བཀག་སྡོམ་ཆེད། རྒྱལ་ཁབ་ཀྱི་ཁྲིམས་སྒྲིག་གཞིར་བཟུང་གོང་རིམ་སྲིད་གཞུང་ལ་རེ་འབོད་ཞུ་གཏུག་བྱས་པ་ཞིག་རེད། ཁོང་ལ་ཆབ་སྲིད་ནག་ཉེས་བཙན་འགེལ་གྱིས་འཛིན་བཟུང་བཀག་བསྐྱིལ་བྱས་པ་དེ་ནི། ས་གནས་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་ཁྲིམས་སྒྲིག་ཁག་བརྡལ་བཤིག་བཏང་བ་དང་། བོད་མི་རྣམས་ཀྱིས་སོ་སོའི་སྐད་ཡིག་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་གྱི་ཐོབ་ཐང་བཙན་འཕྲོག་བྱས་པ་ཞིག་ཆགས་ཡོད།

ལྷག་པར་དུ། རྒྱ་གཞུང་གིས་སྐད་གཉིས་སློབ་གསོ་ཁ་ལ་ཁྱེར་ཏེ་བྱིས་སྐྱོང་ཁང་ནང་དུའང་། བོད་རིགས་བྱིས་པ་རྣམས་ལ་སོ་སོའི་ཕ་སྐད་ཀྱི་རྨང་གཞི་མ་ཆགས་སྔོན་ནས་རྒྱ་སྐད་དང་རྒྱ་ཡིག་བསླབ་པར་མ་ཟད། བྱིས་པ་ཚོར་དུས་རྒྱུན་རྒྱ་སྐད་བཤད་དགོས་པར་སྐུལ་ཀྱིན་ཡོད་སྟབས། བོད་རིགས་བྱིས་པ་རྣམས་ཀྱིས་རང་གི་ཕ་སྐད་གཏིང་བརྗེད་དུ་ཕྱིན་ནས། བྱིས་པ་ནང་ཁུལ་དུ་རྩེད་མོ་དང་གླེང་མོལ་སྐབས་སུའང་རྒྱ་སྐད་ཁོ་ན་བཤད་དགོས་ཆགས་ཡོད་པ་རེད། དཔེར་ན། ཉེ་ཆར་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་སུ་འབོད་པའི་བོད་དབུས་གཙང་ཁུལ་གྱི་སྔོན་འགྲོའི་བྱིས་སྐྱོང་ཁང་ཞིག་གི་བོད་རིགས་བྱིས་པ་སྐོར་ཅིག་གིས་ཕན་ཚུན་རྩེད་མོ་དང་ཁ་བརྡ་གློད་སྐབས། སོ་སོའི་ཕ་སྐད་མ་བཤད་པར་རྒྱ་སྐད་ཁོ་ནས་ཕན་ཚུན་སྐད་ཆ་བཤད་བཞིན་པའི་བརྙན་ཐུང་ཞིག་སྤྱི་ཚོགས་དྲ་རྒྱའི་བརྒྱུད་ལམ་དུ་ཐོན་ཡོད་པ་ལྟར། བརྙན་ཐུང་ལེན་མཁན་གྱིས་དེ་ཚོའི་ཁྲོད་ཀྱི་བྱིས་པ་ཞིག་ལ་ཁྱོད་ཚོ་ཚང་མ་བོད་པ་རེད། ཡིན་ནའང་། ཁྱོད་ཚོས་རྩེད་མོ་རྩེད་སྐབས་རྒྱ་སྐད་རྐྱང་བཤད་དགོས་པ་ག་རེ་ཡིན་མིན་སྐད་ཆ་དྲིས་པར། བྱིས་པ་ཞིག་གིས་ “རྒྱ་སྐད་རྒྱག་དགོས་པ་རེད། སློབ་གྲྭའི་དགེ་རྒན་གྱིས་རྒྱ་སྐད་བཤད་དགོས་པ་རེད་ཟེར།” ཅེས། ནམ་རྒྱུན་སློབ་གྲྭའི་ནང་རྒྱ་སྐད་རྐྱང་བཤད་དགོས་པའི་སྐོར་ལན་འདེབས་བྱས་ཡོད་པ་རེད།   གནས་ཚུལ་འདི་ལས་རྒྱ་གཞུང་གིས་ནམ་རྒྱུན་བོད་ཁུལ་གྱི་མི་རིགས་སློབ་གསོ་རྗེས་ལུས་ཡིན་པར་ཁ་གཡར་ཏེ། བོད་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་ནང་རྒྱ་རིགས་དགེ་རྒན་ཕོན་ཆེན་པོ་གོ་སྒྲིག་ཐོག བོད་ནང་དུ་དངོས་ཤུགས་བརྒྱུད་གསུམ་ནས་སྐད་ཡིག་གཞན་བསྒྱུར་གྱི་སྲིད་ཇུས་སྤེལ་བཞིན་པ་དཔང་སྐྱེལ་བྱས་ཡོད།

མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་དང་ཚན་རིག རིག་གཞུང་ལྷན་ཚོགས་ཀྱི་ངོས་ནས་ཀྱང་། ཕ་སྐད་གཙོ་བོར་བཟུང་བའི་སློབ་གསོ་སྤེལ་དགོས་པ་ངོས་འཛིན་བྱས་ཡོད་པ་མ་ཟད། འཛམ་གླིང་ཕ་སྐད་ཉིན་མོ་གཏན་འབེབས་ཀྱིས་ཕ་སྐད་སྲུང་སྐྱོབ་ཀྱི་གལ་ཆེན་རིང་བཞིན་གསལ་འདོན་བྱས་ཡོད། དེ་བཞིན། འཛམ་གླིང་གི་སློབ་གསོ་སྨྲ་མང་པོས་ཀྱང་བྱིས་པར་རྨང་གཞིའི་སློབ་གསོ་ནི་སོ་སོའི་ཕ་སྐད་ཀྱི་ཐོག་ནས་སློབ་ཁྲིད་བྱེད་དགོས་པ་དང་། ཕ་སྐད་ཐོག་སློབ་ཁྲིད་བྱས་ཚེ་བསླབ་བྱའི་གནས་ལ་གོ་བོ་ལེགས་པོ་འབྱིན་ཐུབ་པ་དང་ཤེས་ཚད་མགྱོགས་པོ་མཐོར་འདེགས་འབྱུང་ཐུབ་པར་ངོས་འཛིན་བྱས་ཡོད། ཡིན་ནའང་། དེང་སྐབས་བོད་ཁུལ་སྤྱི་དང་ལྷག་པར་ཡུལ་ཤུལ་ས་ཁུལ་དུ་སློབ་གསོའི་སྐད་ཡིག་རྒྱ་བསྒྱུར་གྱིས། བོད་ཡིག་ཕུད་པའི་བསླབ་གཞི་གཞན་ཆ་ཚང་རྒྱ་ཡིག་ཐོག་སློབ་ཁྲིད་བྱེད་ཀྱིན་ཡོད། གནས་སྟངས་དེའི་རྐྱེན་པས་ཡུལ་ཤུལ་ས་ཁུལ་དུ་བོད་ཀྱི་སྐད་ཡིག་རིག་གནས་ཉམས་རྒུད་ཤུགས་ཆེན་པ་འགྲོ་བཞིན་པ་མ་ཟད། སྤྱི་ཡོངས་ཀྱི་རྨང་གཞི་སློབ་གསོའི་གནས་ཚད་ཀྱང་མཚོ་སྔོན་ཞིང་ཆེན་ཟེར་བའི་ཁོངས་ནས་སྐྱོ་ཤོས་ཆགས་ཡོད།

ཕྱི་ལོ་ ༢༠༡༠ ལོར་རྒྱ་གཞུང་གིས་མཚོ་སྔོན་ཞིང་ཆེན་དུ་འབོད་པའི་ས་ཁོངས་སུ་སློབ་གསོའི་སྐད་ཡིག་རྒྱ་བསྒྱུར་གྱི་སྲིད་ཇུས་དྲིལ་བསྒྲགས་བྱས་པར་བརྟེན་ནས། རྨ་ལྷོ་དང་མཚོ་ལྷོ། མགོ་ལོག མཚོ་བྱང་བཅས་བོད་རིགས་རང་སྐྱོང་ཁུལ་བཞིའི་སློབ་གྲྭ་ཆུང་འབྲིང་གི་སློབ་ཕྲུག་ཚོས་གོམ་བགྲོད་ངོ་རྒོལ་བྱུང་ཡོད། དེ་བཞིན། ཕྱི་ལོ་ ༢༠༡༠ ཟླ་ ༡༠ ཚེས་ ༢༤ ཉིན་ཟི་ལིང་ས་ཁུལ་གྱི་བོད་རིགས་རྒན་ཡོལ་ལས་བྱེད་དང་སློབ་གསོའི་ལས་དོན་གཉེར་མཁན་རྒན་རབས་པ་ཁག་ཅིག་གིས་རྒྱ་གཞུང་འབྲེལ་ཡོད་སྡེ་ཁག་ལ་བསམ་འཆར་ཡི་གེ་ཞིག་ཕུལ་ཡོད་པའི་ནང་དུའང་། “ཐུན་རིན་རྫོང་མི་རིགས་སློབ་འབྲིང་ནང་མཐོ་འབྲིང་གི་བསླབ་ཚན་ཕལ་ཆེ་བ་བོད་ཡིག་ཐོག་སློབ་ཁྲིད་བྱེད་ཀྱིན་ཡོད་པ་དང་། རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་ནང་བོད་ཡིག་གཙོར་འཛིན་དང་རྒྱ་ཡིག་གཙོར་འཛིན་གྱི་འཛིན་གྲྭ་རིགས་གཉིས་སུ་བཀར་ཏེ་སློབ་གསོ་ལག་བསྟར་བྱས་པའི་མཇུག་འབྲས་ལ། ཐུན་རིང་རྫོང་མི་རིགས་སློབ་འབྲིང་གི་བསླབ་འབྲས་ནི་རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་ལས་ལེགས་པོ་བྱུང་ཡོད་པ་དང་། རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་ནང་ཁུལ་གྱི་འཛིན་གྲྭ་ཁག་ལས་ཀྱང་བོད་ཡིག་གཙོར་འཛིན་གྱི་འཛིན་གྲྭའི་བསླབ་འབྲས་ནི་རྒྱ་ཡིག་གཙོར་འཛིན་གྱི་འཛིན་གྲྭ་ལས་ལེགས་པ་བྱུང་ཡོད། དེ་བཞིན། རྨ་ལྷོ་དང་མཚོ་ལྷོ་ཁུལ་གཉིས་ཀྱིས་ཡུན་རིང་བོད་ཡིག་གཙོར་འཛིན་སློབ་ཁྲིད་མང་ཤོས་ཡིན་པའི་སྐད་གཉིས་སློབ་གསོ་ལག་བསྟར་བྱས་ཡོད་པ་དང་། མཚོ་བྱང་དང་མཚོ་ནུབ། ཡུལ་ཤུལ་བཅས་ཁུལ་གསུམ་གྱིས་བོད་སྐད་ཡིག་ཕུད་པའི་བསླབ་ཚན་གཞན་ཆ་ཚང་རྒྱ་ཡིག་ཐོག་སློབ་ཁྲིད་བྱེད་ཀྱི་ཡོད། ཡིན་ནའང་། སྐད་གཉིས་སློབ་གསོའི་ཁྱབ་བརྡལ་ཚད་དང་རྒྱུ་སྤུས་ནི་རྨ་ལྷོ་དང་མཚོ་ལྷོ་ཁུལ་གཉིས་ལྡབ་འགྱུར་གྱིས་ལེགས་པོ་བྱུང་ཡོད།” ཅེས་ལག་ལེན་དངོས་ཀྱི་ཐོག་ནས། མི་རིགས་ས་ཁུལ་དུ་སོ་སོའི་སྐད་ཡིག་གཙོར་བཟུང་སྟེ་སློབ་ཁྲིད་བྱས་ན་མཇུག་འབྲས་ལེགས་པོ་ཡོད་པ་གསལ་སྟོན་བྱས་ཡོད།

ད་དུང་། ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་ཞིབ་འཇུག་གླིང་གི་གླིང་གཙོ་དགེ་རྒན་ཆེན་མོ་ཚེ་རིང་ཐར་ལགས་ཀྱིས་མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་བཅར་འདྲིའི་སྐབས། ཁོང་གིས་ “ལོ་འདི་དག་གི་རིང་ལ། མཚོ་སྔོན་ཡུལ་ཤུལ་སོགས་ས་ཆ་མང་བོ་ནས་རྨང་གཞི་སློབ་གསོའི་དུས་རིམ་དུ་བོད་ཡིག་བསླབ་ཚན་དུ་བཀོད་ཡོད་མོད། འོན་ཀྱང་། བསླབ་ཚན་གཙོ་བོ་མ་ཡིན་པར་ཕལ་བའི་གྲས་སུ་བཞག་ཡོད་པ་རེད། འདི་ལྟར་བྱས་ན། རྒྱ་ཡིག་ཡག་པོ་སྦྱོང་མི་ཐུབ་པ་མ་ཟད། བོད་ཡིག་ཀྱང་ཡག་པོ་སྦྱོང་མི་ཐུབ་པ་ཁོ་ཐག་རེད།” ཅེས་ཡུལ་ཤུལ་ས་ཁུལ་དུ་རྒྱ་ཡིག་གཙོར་འཛིན་གྱི་སློབ་གསོ་སྤེལ་བཞིན་པ་དེ་ལེགས་པོ་མེད་པ་བརྗོད་པ་མ་ཟད།   “ངས་སྙམ་ན་མི་རིགས་སློབ་གསོས་ཕ་སྐད་དང་བོར་འཛིན་དགོས། དེ་ལ་རིག་གཞུང་གི་ཁུངས་ལུང་ཡོད་པ་མ་ཟད། སྤྱི་ཚོགས་ཀྱི་ཟུར་སོ་སོ་ནས་བལྟས་ན་དེ་ག་རང་རེད། ཕ་སྐད་ནི་ལག་རྟེན་དང་འདྲ་ལ། ཕ་སྐད་ཀྱི་ལག་རྟེན་དོར་ནས་སྐད་ཡིག་གཞན་ལ་སློབ་སྦྱོང་བྱེད་རྒྱུ་ཧ་ཅང་ཁག་པོ་རེད། རང་གི་སྐད་ཡིག་ལ་བརྟེན་ནས་སྐད་ཡིག་གཉིས་པ་དང་གསུམ་པ་སོགས་སྦྱོང་ན་བྱང་ཆུབ་སླ་བ་རེད། དེ་བས། སློབ་ཆུང་དང་སློབ་འབྲིང་གི་རྨང་གཞིའི་སློབ་གསོའི་དུས་རིམ་དུ་ཕ་སྐད་ཀྱི་ལམ་ནས་སློབ་གསོ་མྱོང་བ་ནི་སྐད་ཡིག་གཞན་གྱི་ལམ་ནས་སློབ་གསོ་མྱོང་བ་ལས་མཆོག་ཏུ་གྱུར་བ་ཡིན། དེང་གི་ཆར་བོད་མི་མང་པོ་ཞིག་རྒྱལ་ཁབ་རིམ་པའི་ལས་ཁུངས་དང་སློབ་ཆེན་སོགས་ཀྱི་ཁྲོད་ན་གོ་གནས་དང་དབང་ཆ་ཆེན་པོ་སྤྲད་ཡོད་ལ། ལ་ལ་ཞིག་ད་དུང་རྒྱལ་སྤྱིའི་ཚོགས་འདུ་དང་། ཆེད་མཁས་པ་ལ་ལ་ཞིག་གི་དཔྱད་རྩོམ་དང་ཞིབ་འཇུག་ཁྱབ་ཁོངས་ལ་འཛམ་གླིང་གི་གདེང་འཇོག་མཐོན་པོ་ཐོབ་ཡོད། འདི་དག་ཚང་མ་བོད་ཡིག་གི་རྨང་གཞི་ལེགས་པོ་ཞིག་གིས་སྣ་དྲངས་པ་ཡིན་པ་གོར་མ་ཆགས།” ཞེས་སོ་སོའི་མི་རིགས་ཀྱི་སྐད་ཡིག་གཙོ་བོར་བཟུང་སྟེ་སློབ་གསོ་སྤེལ་དགོས་པ་བརྗོད་ཡོད།

གོང་གསལ་གནས་ཚུལ་འདི་དག་ལས། བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་ཡུལ་ཤུལ་ས་ཁུལ་དུ་བོད་ཀྱི་སྐད་ཡིག་ཉམས་རྒུད་གཏོང་བཞིན་པའི་སྐོར་ནས་གནས་ཚུལ་འགྲེལ་བརྗོད་དང་། འབྲེལ་ཡོད་གོང་རིམ་སྲིད་གཞུང་ལ་ཞུ་གཏུག་བྱས་པ་དེ་ནི། རྒྱུ་མཚན་ལྡན་པའི་དངོས་ཡོད་གནས་ཚུལ་ཞིག་ཡིན་པ་ར་སྤྲོད་བྱས་ཡོད། ཡིན་ནའང་། ས་གནས་གཞུང་གིས་བོད་ཀྱི་སྐད་ཡིག་རིག་གནས་ཉམས་རྒྱུད་གཏོང་བཞིན་པའི་དངོས་ཡོད་གནས་ཚུལ་ལ་ཞིབ་འཇུག་གིས་སྐྱོན་སེལ་ལེགས་འདོན་བྱ་རྒྱུ་ལས་ལྡོག་སྟེ། བོད་ཀྱི་སྐད་ཡིག་རིག་གནས་སྲུང་སྐྱོབ་བྱེད་མཁན་ཁོང་ལ་ཆབ་སྲིད་ཀྱི་ཉེས་མིང་གཡོག་སྟེ་འཛིན་བཟུང་བཀག་ཉར་བྱས་ཡོད། དེ་ནི་བསམ་བཞིན་བོད་ཀྱི་སྐད་ཡིག་རིག་གནས་སྲུང་སྐྱོབ་མཁན་རྣམས་འབུར་འཇོམས་གཏོང་བའི་མི་རིགས་དབྱེ་འབྱེད་ཀྱི་བྱ་སྤྱོད་ཅིག་ཆགས་ཡོད། མ་གཞི་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་བོད་ཀྱི་སྐད་ཡིག་རིག་གནས་སྲུང་སྐྱོབ་དགོས་པའི་ཐད་གོང་རིམ་ལ་ཞུ་གཏུག་བྱས་པ་དེ་ནི་ཆབ་སྲིད་དང་འབྲེལ་བའི་གནས་ཚུལ་གང་ཡང་ཆགས་ཡོད་པ་མ་རེད། དེར་མ་ཟད། བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་དེ་སྔོན་ནེའུ་ཡོག་གསར་ཁང་གི་བཅར་འདྲིའི་སྐབས། ཁོ་རང་ཉིད་ནི་བོད་རང་བཙན་འཐབ་རྩོད་བྱེད་མཁན་ཞིག་མིན་པ་དང་། ཁོང་གིས་བོད་ཀྱི་སྐད་ཡིག་རིག་གནས་སྲུང་སྐྱོབ་ཐད་སེམས་ཁུར་དང་དོ་སྣང་བྱེད་ཀྱིན་ཡོད་པ་གསལ་པོ་བརྗོད་ཡོད།

དེར་བརྟེན། འདི་ག་ལྟེ་གནས་ཁང་ནས་ས་གནས་རྒྱ་གཞུང་གིས་བཀྲ་ཤིས་དབང་ཕྱུག་ལགས་ལ་ “རྒྱལ་ཁ་བྲལ་སྐུལ་སློང” ཞེས་པའི་ཆབ་སྲིད་ནག་ཉེས་གཡོག་པའི་བྱེད་སྟངས་དེ་ནི། དོན་དངོས་གནས་ཚུལ་དང་མི་མཐུན་པར་ནག་ཉེས་བཙལ་འགེལ་བྱེད་ཀྱིན་པའི་ཁྲིམས་འགལ་བྱ་སྤྱོད་ཅིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད། བཀྲ་ཤིས་དབང་ཕྱུག་ལགས་ཀྱི་གནད་དོན་ནི་རྒྱལ་ཁབ་ཀྱི་གསང་བ་དང་འབྲེལ་བ་གང་ཡང་མེད་པ་ཞིག་ཡིན་སྟབས། ས་གནས་རྒྱ་གཞུང་གིས་ཁོང་ལ་ཁྲིམས་བཤེར་གྱི་བརྒྱུད་རིམ་ཆ་ཚང་ཡོངས་བསྒྲགས་དང་ཕྱི་གསལ་ནང་གསལ་བཟོས་དགོས་པར་ནན་སྐུལ་བྱེད་ཀྱིན་ཡོད། དེ་བཞིན། བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་མཚོན་པའི་བོད་ཀྱི་སྐད་ཡིག་རིག་གནས་སྲུང་སྐྱོབ་དང་། ཁྲིམས་མཐུན་གྱི་སྒོ་ནས་ཞུ་གཏུག་ལས་འགུལ་སྤེལ་མཁན་བོད་མི་ཤེས་ལྡན་པ་རྣམས་ལ། རྒྱ་གཞུང་གིས་ཆབ་སྲིད་ཀྱི་ཉེས་མིང་གཡོག་སྟེ་བཙོན་འཇུག་མནར་གཅོད་གཏོང་བཞིན་པ་དེ་ནི། རྒྱལ་སྤྱིའི་ཁྲིམས་དང་ཡོངས་སུ་འགལ་བའི་གྲངས་ཉུང་མི་རིགས་ཀྱི་རིག་གནས་དང་ངོ་བོ་བརྡལ་བཤིག་གཏོང་ཐབས་སྲིད་ཇུས་ཤིག་ཆགས་ཡོད་སྟབས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཙོས་འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་ཁག་དང་། གཞུང་འབྲེལ་མ་ཡིན་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་རྣམས་ཀྱི་ངོས་ནས་དོ་སྣང་ཆེན་པོའི་སྒོ་ནས། སྲིད་ཇུས་དེ་རིགས་མཚམས་འཇོག་ཡོང་བར་རྒྱ་གཞུང་ལ་དངོས་ཤུགས་བརྒྱུད་གསུམ་ནས་གནོན་ཤུགས་སྤྲོད་རྒྱུར་འབོད་སྐུལ་ཞུ་བཞིན་ཡོད།

བཀྲ་ཤིས་དབང་ཕྱུག་ལགས་ཀྱི་བོད་མདོ་ཁམས་སྐྱེ་རྒུ་མདོ་ནས་སྐྱེས་ཤིང་། ད་ལྟ་རང་ལོ་ ༣༠ ཡིན། ཁོང་ནི་བོད་རིགས་གཞོན་སྐྱེས་ཚོང་པ་ཞིག་ཡིན་ལ། ཁོང་གིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཆེད་ཕྱག་ལས་མང་པོ་གནང་ཡོད་པ་དང་། དེ་བཞིན། ས་གནས་རྒྱ་གཞུང་གིས་བོད་ཀྱི་སྐད་ཡིག་རིག་གནས་ཉམས་རྒུད་དུ་གཏོང་བཞིན་པའི་ཐད་རྒྱ་དམར་སྲིད་གཞུང་རིམ་པར་ཞུ་གཏུགས་འབོད་སྐུལ་དང་། དྲ་རྒྱའི་སྟེང་དེ་འབྲེལ་གྱི་རྩོམ་ཡིག་སྤེལ་བ། རྒྱལ་སྤྱིའི་གསར་ལམ་ཁག་ཏུ་དངོས་ཡོད་གནས་ཚུལ་དྲང་བརྗོད་བྱས་པ་བཅས་ལ་བརྟེན་ནས། རྒྱ་གཞུང་གིས་ཁོང་འཇུ་བཟུང་བཙན་འཁྲིད་ཐོག་ “རྒྱལ་ཁབ་ཁ་བྲལ་སྐུལ་སློང” གི་ནག་ཉེས་བཙལ་འགེལ་བྱེད་བཞིན་པ་ཞིག་ཆགས་ཡོད།

བཀྲ་ཤིས་དབང་ཕྱུག་ལགས་དེ་སྔོན་ཐེངས་གཉིས་ལ་རྒྱ་གཞུང་གིས་བཀག་ཉར་བྱས་མྱངས་ཡོད་པ་རེད། ལོ་བཅུའི་སྔོན་ལ་ཁོང་རྒྱ་གར་དུ་གནས་མཇལ་ལ་བསྐྱོད་རྒྱུའི་ཐབས་ཤེས་གནང་སྐབས་རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་པ་དང་། དེ་རྗེས་ཕྱི་ལོ་ ༢༠༡༢ ལོར་ས་གནས་རྒྱ་གཞུང་ལས་བྱེད་ཚོས་བོད་མིའི་ས་ཆ་བཙན་འཕྲོག་བྱེད་སྐབས། ཁོང་གི་དྲ་རྒྱའི་སྟེང་དེར་སྐྱོན་བརྗོད་ཀྱི་དཔྱད་བརྗོད་སྤེལ་བར་བརྟེན་ནས་འཇུ་བཟུང་བྱས་མྱངས་ཡོད་པ་རེད། རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱིས་མི་སེར་སྤེལ་བའི་དྲག་གནོན་དབང་བསྒྱུར་གྱི་ད་ལྟའི་ས་ཁོངས་དབྱེ་བགོས་ལྟར་བྱས་ན། བཀྲ་ཤིས་དབང་ཕྱུག་ལགས་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་སྐྱེ་རྒུ་མདོ་རྫོང་ཁོངས་ནས་ཡིན་པ་རེད།