19/01/2020

ཕྱི་ལོ་༢༠༡༩ ལོའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་རྣམས་ཀྱིས་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་སྤྱི་མང་ཚོགས་སྡེ་ཁག་གི་མངོན་འདོད་ལ་སྲུང་སྐྱོབ་བྱེད་དགོས།

  •   
  •  
  •  
  •  
  •  
  •  
  •  

འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་ཏེ་མི་ལོ་ཧྲིལ་པོ་༧༡ འཁོར་བའི་དུས་དྲན་གྱི་ཉིན་མོ་དང་བསྟུན། འདི་ག་ལྟེ་གནས་ཁང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་རྣམས་ཀྱིས་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་སྤྱི་མང་ཚོགས་སྡེ་ཁག་གི་མངོན་འདོད་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད།

འབོད་སྐུལ་འདི་ནི་འཛམ་གླིང་ཡུལ་ཕྱོགས་མང་པོ་ཞིག་ཏུ་སྤྱི་མང་ཚོགས་སྡེ་ཁག་གི་མངོན་འདོད་ལ་དྲག་རྡུང་ཤུགས་ཆེན་ཕོག་པའི་དུས་སྐབས་སུ་སྤེལ་བ་ཞིག་ཡིན། དེ་ཡང་ཁྱད་པར་དུ་རྒྱ་ནག་གཞུང་གིས་ཕྱོགས་ཡོངས་ལ་ཉུལ་ཞིབ་ལྟ་སྲུང་བྱེད་པ་དང་། འབྲེལ་ལམ་ཚང་མར་སྟངས་འཛིན་དོ་ནན་བྱེད་པ། སུན་གཙེ་བྱེད་པ། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་གནས་ཚུལ་སྤེལ་མཁན་ཚོར་འཇིགས་སྐུལ་བ་སོགས་བྱས་ཏེ་སྤྱི་མང་ཚོགས་སྡེ་ཁག་གི་མངོན་འདོད་ལ་དྲག་གནོན་ཚབས་ཆེན་བྱེད་པའི་ཉེར་ལེན་གྱིས། འགྲོ་བ་མིའི་ཐོབ་ཐང་མང་པོ་ཞིག་རྡོག་རོལ་ཐེབས་ཏེ་བོད་ནང་གི་གནས་ཚུལ་ཕྱི་ལ་ཁྱབ་ཐབས་མེད་པའི་གནས་སུ་གྱུར་ཡོད།

འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ནས་མི་ལོ་༧༡ འཁོར་བའི་བརྒྱུད་རིམ་ཁྲོད། གཞི་རྩའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྤེལ་ཆེད། རང་དབང་ལྡན་ལ་རྣམ་པ་མི་འདྲ་བ་དང་ལྟ་གྲུབ་སྣ་ཚོགས་འཛོམས་པའི་སྤྱི་མང་ཚོགས་སྡེ་ཁག་ནི་མེད་དུ་མི་རུང་བ་ཞིག་ཡིན་པ་གསལ་རྟོགས་བྱུང་ཡོད། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་སྤྱི་ཁྱབ་འགན་འཛིན་གྱིས་སྤྱི་མང་ཚོགས་སྡེ་ཁག་ལ་བདེ་འཇགས་དང་ཕན་ནུས་ལྡན་པའི་ཁོར་ཡུག་མེད་པ་ཆགས་ཡོང་གི་ཡོད་པའི་གནས་སྟངས་ལ་ཐུགས་ཚབས་ཆེན་པོས་ “སྤྱི་མང་ཚོགས་སྡེ་ཁག་ལ་ངེས་པར་དུ་རང་དབང་སྤྲོད་དགོས་པ་ལས། དེ་འདམ་ཀའི་གྲས་སུ་གཏོགས་པ་ཞིག་གཏན་ནས་མིན། འགྲོ་བ་མིའི་ཐོབ་ཐང་གིས་རྒྱལ་ཁབ་རྣམས་ལ་མི་ཚང་མར་བསམ་བརྗོད་རང་དབང་དང་། གནས་ཚུལ་མཁོ་སྒྲུབ། ཞི་བའི་འདུ་འཛོམས། ཚོགས་པ་གསར་འཛུགས། སྲིད་གཞུང་གི་ལས་རིགས་ནང་མཉམ་ཞུགས། སྒེར་ལ་ཐེ་གཏོགས་མི་བྱེད་པ་བཅས་ཀྱི་ཐོབ་ཐང་དང་རང་དབང་ལ་བརྩི་བཀུར་དང་སྲུང་སྐྱོབ་དགོས་པའི་ལས་འགན་སྤྲོད་ཀྱི་ཡོད།”ཅེས་གསུངས།

ཉེ་བའི་ལོ་ཤས་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེང་གི་འགོ་ཁྲིད་འོག སྤྱི་མང་ཚོགས་སྡེ་ཁག་འགྲོ་བ་མིའི་ཐོབ་ཐང་གི་སྡེ་ཚན་ཁག་ལ་འབྲེལ་བ་མེད་པར་བཟོ་ཆེད་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་གཙོ་བོ་ཁག་ལ་གནོན་ཤུགས་སྤྲོད་ཐབས་སྣ་ཚོགས་བྱས་ཡོད། རྒྱ་ནག་གཞུང་ནི་སྤྱི་མང་ཚོགས་སྡེ་ཁག་ལ་རང་དབང་མེད་ཅིང་འགྲོ་བ་མིའི་ཐོབ་ཐང་ལམ་ལུགས་ནུས་མེད་དུ་སྒྱུར་བའི་ལམ་དུ་ཞུགས་པ་དང་། དེས་རྒྱལ་ཁབ་གཞན་དག་ལའང་སྤྱི་མང་ཚོགས་སྡེ་ཁག་གིས་སྲིད་གཞུང་ལ་སྐྱོན་བརྗོད་བྱེད་པའི་ལམ་ཁ་འགོག་པའི་ངན་ཤུགས་ཐེབས་ཀྱི་ཡོད།

རྒྱ་ནག་གཞུང་དང་རྒྱ་ནག་གཞུང་ལྟ་བུའི་སྲིད་གཞུང་ཁག་གི་ངོས་ནས་རང་དབང་ལྡན་ལ་རྣམ་པ་མི་འདྲ་བ་དང་ལྟ་གྲུབ་སྣ་ཚོགས་འཛོམས་པའི་སྤྱི་མང་ཚོགས་སྡེ་ཁག་ལ་བརྩི་བཀུར་དང་སྲུང་སྐྱོབ་ཡོང་སླད། འདི་ག་ལྟེ་གནས་ཁང་གི་འབྲེལ་ཡོད་ལས་བྱེད་རྣམས་ཟླ་༡༢ ཚེས་༤ ནས་༦ བར། རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་༡༣༥ ཡི་གཞུང་ཚབ་ཁང་དུ་འབོད་སྐུལ་ཡི་གེ་དང་མི་ལོ་༧༡ འཁོར་བའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྲུང་རྩིའི་འཚམ་ཤོག་བཅས་ཕུལ་ཡོད། དེ་བཞིན་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ལའང་དེ་མཚུངས་ཀྱི་ཡི་གེ་ཕུལ་ཡོད།

རྒྱལ་ས་ལྡི་ལི་གསར་བར་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཞུགས་རྒྱལ་ཁབ་༡༣༥ ཡི་གཞུང་ཚབ་ཁང་ལ་ཕུལ་བའི་ཞུ་ཡིག་གཤམ་གསལ། 

མི་དབང་ཆེན་མོ་མཆོག་གི་སྙན་ལམ་དུ།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་སྲུང་སྐྱོབ་གནང་མཁན་ཡོངས་ཀྱི་ཚབ་བྱས་ཏེ། ང་ཚོས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་པའི་ཉིན་མོ་ནས་ད་བར་དུ་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་ཐབས་བྱས་དང་བྱེད་མུས་ཡིན་པ་དང་། དེ་རིང་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་སྲུང་བརྩི་དང་འབྲེལ་འཕྲིན་ཡིག་འདི་སྤྲིངས་པ་ཡིན།

འདས་པའི་མི་ལོ་༧༡ རིང་ང་ཚོས་རིམ་གྱིས་གཞུང་འབྲེལ་མིན་པའི་སྤྱི་མང་ཚོགས་སྒེར་ཁག་གི་གལ་ཆེན་རང་བཞིན་དེ་འགྲོ་བ་མིའི་ཐོབ་ཐང་ལ་ལྟ་ཞིབ་གནང་རྒྱུར་ངོས་འཛིན་བྱུང་ཡོད། ཕྱི་ལོ་༢༠༡༧ ལོའི་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་གྷུ་ཊི་རེ་སི་(Antonio Guterres)མཆོག་ནས། “གཞུང་འབྲེལ་མིན་པའི་སྤྱི་མང་ཚོགས་སྒེར་ཁག་དང་མཉམ་འབྲེལ་ཐོག་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ལས་དོན་ཤུགས་ཆེར་གཏོང་རྒྱུ་དང་། དམིགས་བསལ་ཉག་ཕྲའི་དུས་སྐབས་སུ། ཡུལ་ལུང་མང་པོའི་ནང་དུ་གཞུང་འབྲེལ་མིན་པའི་སྤྱི་མང་ཚོགས་སྒེར་གྱི་མཉམ་འབྲེལ་ཟབ་ཏུ་གཏོང་དགོས་པ་གསུངས་ཡོད།” གསལ་བོར་བཤད་ན། འཛམ་གླིང་ཁྱོན་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཡོང་ཆེད། ང་ཚོས་ངེས་པར་དུ་གཞུང་འབྲེལ་མིན་པའི་སྤྱི་མང་ཚོགས་སྒེར་གྱི་འབོད་སྐུལ་ལ་སྲུང་སྐྱོབ་བྱེད་དགོས།

མྱུར་བ་མྱུར་དུ་གདོང་ལེན་མ་གནང་ཚེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཞུགས་རྒྱལ་ཁབ་མི་ཉུང་བ་ཞིག་གིས་གཞུང་འབྲེལ་མིན་པའི་སྤྱི་མང་སྒྲིག་འཛུགས་ཁག་ལ་ཁ་རྡུང་བཏང་སྟེ་འགྲོ་བ་མིའི་ཐོབ་ཐང་ལ་སྣང་ཆུང་གིས་འཇིགས་སྐུལ་གཏོང་ངེས་རེད། དཔེར་ན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རང་ཉིད་རྒྱལ་ཚོགས་ཀྱི་སྤྱི་མང་སྒྲིག་འཛུགས་ཁག་དང་རྒྱང་བཀྱེད་ཐབས་ལ་དམིགས་ཡོད། ཞི་ཅིན་ཕིན་གྱིས་སྲིད་དབང་བཟུང་བའི་རྗེས་ནས། རྒྱ་གཞུང་གིས་གཞུང་འབྲེལ་མིན་པའི་སྤྱི་མང་སྒྲིག་འཛུགས་ཁག་ཁེར་རྐྱང་དུ་ཕུད་ནས་འགྲོ་བ་མིའི་ཐོབ་ཐང་གི་རོགས་སྐྱོར་མཐུན་འགྱུར་ལས་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་གཙོ་ཁག་ལ་གནོན་ཤུགས་སྤྲོད་ཐབས་ཀྱི་གླགས་འཚོལ་བཞིན་པ་ལྟ་བུ་རེད། སྲིད་གཞུང་གིས་སྤྱི་མང་གི་སྐྱོན་བརྗོད་འགོག་ཐབས་སུ། རྒྱ་ནག་དམར་ཤོག་སྲིད་གཞུང་གིས་དུས་རབས་གསར་བ་ཞིག་བཙན་དང་དབང་གིས་བསུས་ཏེ། དེའི་ནང་དུ་གཞུང་འབྲེལ་མིན་པའི་སྤྱི་མང་ཚོགས་སྒེར་ཁག་ལ་གཉའ་གནོན་དང་འགྲོ་བ་མིའི་ཐོབ་ཐང་གི་སྒྲིག་འཛུགས་ཁག་རུལ་སུངས་ལ་སྒྱུར་ཡོད།

ང་ཚོ་ཚང་མས་ཚད་བཀག་་གཏན་འབེབ་གཞིར་བཟུང་། ང་ཚོས་འགྲོ་བ་མིའི་ཐོབ་ཐང་ལ་ཉེན་ཚབས་ཆེ་ཤོས་བཟོ་མཁན་རྒྱབ་ཁབ་ཁག་ལ་ཁ་གཏད་གཅོག་ཐུབ། དེ་སྔོན་ང་ཚོས་འདི་ལྟར་བྱས་མྱོང་སྟེ། ཕྱི་ལོ་༢༠༡༨ ཟླ་༦ ནང་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྐུ་ཚབ་ཁག་གིས་འོས་ཤོག་གི་ལམ་ནས་རྒྱ་ནག་དམར་ཤོག་སྲིད་གཞུང་གི་གྲོས་འཆར་ཁག་༢ དང་། ཁྲིམས་ཡིག་(31/L.47)དང་(38/L.39)༼ཁྲིམས་ཡིག་དེ་གཉིས་ཀྱི་ནང་དུ་སྲིད་གཞུང་གིས་ཕྱོགས་ཡོངས་ནས་གཞུང་འབྲེལ་མིན་པའི་སྤྱི་མང་ཚོགས་སྒེར་ལ་སྔར་ལས་ལྷག་པར་སྟངས་འཛིན་བྱ་རྒྱུ་གཏན་འབེན་བྱས་ཡོད་པ་རེད།༽ལ་འགོག་རྒོལ་གནང་ཐུབ་ཡོད། ང་ཚོས་ངེས་པར་དུ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ནང་གསལ་འགྲོ་བ་མིའི་ཐོབ་ཐང་ཁག་ཚང་མར་མུ་མཐུད་སྲུང་སྐྱོབ་དང་། པེ་ཅིན་སྲིད་གཞུང་དང་དེ་འབྲེལ་གྱི་རྒྱལ་ཁབ་ཁག་གི་བརྙས་བཅོས་སུན་གཙེར་མཚམས་འཇོག་ཏུ་འཇུག་པའི་གནོན་ཤུགས་སྤྲོད་རྒྱུ་དང་། སྲིད་གཞུང་གིས་འཁོན་ལན་སློག་པའི་ཞེད་སྣང་མེད་པའི་ཐོག་ནས་གཞུང་འབྲེལ་མིན་པའི་སྤྱི་མང་ཚོགས་སྒེར་ལ་རྒྱལ་ཚོགས་ཀྱི་རོགས་སྐྱོར་མཐུན་འགྱུར་འཐོབ་འཇུག་དགོས།

དོགས་ཟོན་མྱུལ་ཞིབ་དང་། ཕྱི་སྐྱོད་ལམ་ཡིག་བཙན་འཕྲོག འཛིན་བཟུང་བཀག་ཉར། སྡུག་སྦྱོང་མནར་གཅོད། ནང་མིར་འཇིགས་སྐུལ་གཏོང་བཞིན་པ་བཅས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས། གཞུང་འབྲེལ་མིན་པའི་སྤྱི་མང་སྒྲིག་འཛུགས་ཁག་གི་ཚོགས་མི་རྣམས་རྒྱ་ནག་དང་ཁ་འབྲལ་བར་འགོག་རྒོལ་བྱ་བའི་འཐབ་ཇུས་རེད། དྲག་གནོན་གྱི་འཐབ་ཇུས་འདིས། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྒྲིག་འཛུགས་ནང་མཉམ་ཞུགས་གནང་བའམ། གཞུང་འབྲེལ་མིན་པའི་སྤྱི་མང་སྒྲིག་འཛུགས་ཁག་དང་མཉམ་འབྲེལ་གནང་རྒྱུར་བཀག་སྡོམ་གྱིས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་ནང་ལོགས་ཀྱི་མང་ཚོགས་ཀྱི་མངོན་འདོད་དངོས་དང་དཀག་སྡུག་དངོས་དེ་སྔར་ལས་ལྷག་པར་ཤེས་རྟོགས་མི་ཐུབ་པ་བཟོ་བཞིན་ཡོད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་ལས་ཁུངས་ཀྱིས། རང་དབང་གི་སྤྱི་མང་སྒྲིག་འཛུགས་ཁག་གི་འགྲོ་བ་མིའི་ཐོབ་ཐང་སྙན་ཐོ་ཁག་ལ་གོ་བསྡུར་ཙམ་ཡང་མ་བྱས་པར་བཀག་སྡོམ་བྱས་ཡོད་ལ། གཞུང་འབྲེལ་མིན་པའི་སྤྱི་མང་ཚོགས་སྡེ་ཁག་ནས་རྒྱལ་ཚོགས་ལ་འབུལ་རྒྱུའི་སྙན་ཐོ་ཁག་གི་ནང་དུ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་འགྲོ་བ་མིའི་ཐོབ་ཐང་ཁག་རྩིས་མེད་རྡོག་རོལ་བཏང་བའི་གནས་སྟངས་གླེང་སློང་བྱས་ཡོད་པས། དེ་ཧ་ཅང་གནད་འགག་ཆགས་་ཡོད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཞུགས་རྒྱལ་ཁབ་དག་གིས་སྤྱི་མང་གི་འབོད་སྐུལ་བཀག་སྡོམ་བྱས་ཏེ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་རོགས་སྐྱོར་མཐུན་འགྱུར་ལ་གནོན་སྐྱོན་ཚབས་ཆེན་གཏོང་གི་ཡོད། དཔེ་མཚོན་ཞིག་ཞུས་ན། རྒྱ་གཞུང་གི་དོགས་ཟོན་མྱུལ་ཞིབ་འོག་ཏུ། སྤྱི་ཚོགས་ཀྱི་འབྲེལ་ལམ་ཁག་ཚང་མར་དམ་དྲག་བྱས་ནས། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་གནས་ཚུལ་མཁོ་གཏོང་གནང་མཁན་ཚོར་སུན་གཙེར་དང་འཇིགས་སྐུལ་གཏོང་བ་དེས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཁག་རྩིས་མེད་རྡོག་རོལ་བཏང་ནས་དངོས་ཡོད་གནས་སྟངས་མང་པོ་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད།

རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་དང་སྒྲིག་འཛུགས་ཁག རྒྱ་གཞུང་གི་སྐུ་ཚབ་ཚོས་ཡུ་རོབ་དང་ཨ་རི། རྒྱལ་ཚོགས་དང་རྒྱ་རིགས་འགྲོ་བ་མིིའི་ཐོབ་ཐང་དོན་གཉེར་ཚོར་སུན་གཙེར་བརྡབ་གསིག་གཏོང་མུས་ཡིན་པ་རེད། སྙན་ཐོ་སྙན་སྒྲོན་ཞུ་མཁན་དང་གཞུང་འབྲེལ་མིན་པའི་སྤྱི་མང་ཚོགས་སྡེ་ཁག་གི་ཚོགས་མི་ཚོར་ཚོགས་ཞུགས་ཀྱི་ཆོག་མཆན་འཐོབ་ཡོད་ནའང་། རྒྱ་གཞུང་གིས་ཁོ་ཚོ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནང་ཞུགས་མི་འཇུག་པ་དང་། བཙན་དབང་གིས་བརྙན་པར་བླངས་ནས་འཇིགས་སྐུལ་གཏོང་གི་ཡོད། རྒྱལ་ཚོགས་ཀྱི་བདེ་འཇགས་ལས་ཁུངས་ལ་རྒྱ་གཞུང་གི་ཁྲིམས་འགལ་གྱི་དོགས་ཟོན་མྱུལ་ཞིབ་ཀྱི་བདེན་དཔང་སྙན་གསང་ཞུས་ཡོད་ནའང་། རྒྱལ་ཚོགས་ཀྱི་བདེ་འཇགས་ལས་ཁུངས་ནས་རྒྱ་གཞུང་གི་བཙན་ཤེད་དེའི་རིགས་འགོག་ཐབས་དང་བཅོས་ཐབས་གནང་གི་ཡོད་མེད་ལ་གསལ་ཁ་མེད་པ་རེད། རྒྱ་གཞུང་གི་འཇིགས་སྐུལ་དེ་དག་གིས་རྒྱལ་ཚོགས་ལ་བཅངས་པའི་སྤྱི་མང་གི་ཡིད་ཆེས་བརླགས་བཅུག་སྟེ། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོ་རྒྱ་གཞུང་གི་སྟངས་འཛིན་དང་འཇིགས་སྐུལ་ལ་གདོང་ལེན་གནང་མི་ནུས་བ་བཟོས་ཡོད།

རྒྱ་གཞུང་གིས་གཞུང་འབྲེལ་མིན་པའི་སྤྱི་མང་ཚོགས་སྡེ་ཁག་ནས་རྒྱལ་ཚོགས་ཀྱི་ལས་མི་དང་སྐུ་ཚབ་ཚོར་ཞུ་གཏུག་གནང་རྒྱུར་འགོག་རྐྱེན་བཟོས་ཏེ། ཁོ་ཚོ་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོར་ཐུག་འཕྲད་བྱེད་དུ་མི་འཇུག་པའི་དམིགས་ཡུལ་བཅངས་ཡོད་པར་མ་ཟད། རྒྱ་གཞུང་གིས་ད་དུང་གཞུང་འབྲེལ་མིན་པའི་སྤྱི་མང་ཚོགས་སྡེ་ཁག་དང་། ལྷག་པར་དུ་བོད་དང་ཡུ་གུར་གྱི་གནད་དོན་ཐོག་ཕྱག་ལས་གནང་མཁན་ཚོ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་མཉམ་ཞུགས་གནང་རྒྱུར་ངོ་རྒོལ་བྱེད་ཀྱི་ཡོད། ཐབས་ཇུས་དེ་དག་བརྒྱུད་ནས་རྒྱ་གཞུང་གིས་ནམ་ཞར་གཞུང་འབྲེལ་མིན་པའི་སྤྱི་མང་ཚོགས་སྡེ་ཁག་གིས་རྒྱལ་ཚོགས་ལ་ཕུལ་བའི་སྙན་ཞུ་ཁག་བཀག་སྡོམ་དང་ཕྱིར་འཐེན་བྱེད་ཀྱི་ཡོད་པ་དང་། སྙན་ཐོ་དེ་དག་གི་ནང་དུ་རྒྱལ་ཚོགས་ཀྱི་ཚོགས་ཞུགས་རྒྱལ་ཁབ་ཁག་ཅིག་དང་དམིགས་བསལ་དཔལ་འབྱོར་ཡར་རྒྱས་ཅན་གྱི་རྒྱལ་ཁབ་དག་གིས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་བརྡལ་བཤིག་གཏོང་བཞིན་པར་སྐྱོན་བརྗོད་བྱས་ཡོད།

དུས་རྒྱུན་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་མཉམ་ཞུགས་གནང་མཁན་ཚོ་ཕྱིར་རྒྱ་ནག་ནང་ལོགས་རྗེས། རྒྱ་གཞུང་གིས་ཁོ་ཚོར་འཁོན་ལེན་སློག་མུས་ཡིན་པ་དང་། ཀུན་གྱིས་ཤེས་གསལ་གྱི་དཔེ་མཚོན་ཞིག་ནི། འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ཅང་ཐཱེན་ཡོང་ཡིན་པ་དང་། རྒྱ་གཞུང་གིས་ཕྱི་ལོ་༢༠༡༦ ལོར་ཁོང་བཀག་ཉར་བྱས་ཏེ། ཁོང་གི་ནང་མི་དང་ཁྲིམས་རྩོད་པ་གཅིག་ཀྱང་ཐུག་འཕྲད་བྱེད་དུ་བཅུག་མེད་པ་རེད། ལོ་དེ་རང་ལ་རྒྱ་ནག་ནང་སྐོར་སྐྱོད་གནང་མཁན་རྒྱལ་ཚོགས་ཀྱི་དབུལ་ཕོངས་ཐད་ཀྱི་དམིགས་བསལ་སྙན་སྒྲོན་པ་ཧྥེ་ལེ་ཕི་ཨལ་སི་ཊོན་(Philip Alston)དང་གླེང་མོལ་བརྒྱུད་མི་མང་པོས་རྒྱ་གཞུང་གིས་བཙན་དབང་གི་ཐོག་ནས་སྐུ་ཞབས་ཅང་གར་སོང་ཆ་མེད་བཟོས་པར་བློ་འཚུབ་གནང་མུས་ཡིན་པ་རེད།

གོང་ཞུས་ཚུལ་མིན་གྱི་གནད་དོན་ཁག་གཞིར་བཟུང་ནས། ང་ཚོས་ཁྱེད་ཀྱི་སྲིད་གཞུང་ལ་བཤམ་འཁོད་དོན་ཚན་ལག་བསྟར་དགོས་པའི་ཛ་དྲག་གི་འབོད་སྐུ་ཞུ་ཡི་ཡོད།

༡༽ རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་མཉམ་ཞུགས་གནང་མཁན་ཚོའི་འགྲུལ་སྐྱོད་ལ་དམ་དྲག་དང་འཁོན་ལེན་སློག་རྒྱུ་མཚམས་འཇོག་པའི་དགོས་འདུན་བཏོན་ནས། རྒྱ་གཞུང་གིས་གཞུང་འབྲེལ་མིན་པའི་སྤྱི་མང་ཚོགས་སྡེ་ཁག་ལ་དམ་དྲག་བྱེད་བཞིན་པ་མཚམས་འཇོག་ཏུ་འཇུག་པའི་གནོན་ཤུགས་སྤྲོད་དགོས།

༢༽ ཚོགས་ཆེན་སྟེང་མཉམ་ཞུགས་གནང་མཁན་གཞུང་འབྲེལ་མིན་པའི་སྤྱི་མང་ཚོགས་སྡེ་ཁག་གི་ཞུ་གཏུག་ལས་འགུལ་བའི་བདེ་འཇག་དང་གཞུང་འབྲེལ་མིན་པའི་སྒྲིག་འཛུགས་ཁག་སྲུང་སྐྱོབ་ཡར་རྒྱས་གཏོང་ཕྱོགས།

ཀ༽ རྒྱལ་ཚོགས་ཀྱི་བདེ་དོན་དང་བདེ་འཇགས་ལས་ཁུངས་དང་མཉམ་འབྲེལ་གྱི་ཐོག་ནས། སྲིད་གཞུང་དག་གིས་གཞུང་འབྲེལ་མིན་པའི་སྤྱི་མང་ཚོགས་སྡེ་དང་ཞུ་གཏུག་ལས་འགུལ་བ་ཚོར་སུན་གཙེར་བརྡབ་གསིག་གཏོང་བཞིན་པར་ཁྲིམས་ཀྱི་ཐོག་ནས་སྲུང་སྐྱོབ་ཡར་རྒྱས་གཏོང་རྒྱུ་དང་།
ཁ༽ རྒྱལ་ཚོགས་ཀྱི་བདེ་འཇགས་ལས་ཁུངས་དང་གཞུང་འབྲེལ་མིན་པའི་སྤྱི་མང་ཚོགས་སྡེ་འབྲེལ་མཐུད་ལས་ཁུངས་བཙུགས་ནས་གཞུང་འབྲེལ་མིན་པའི་སྤྱི་མང་ཚོགས་སྡེ་ཁག་ལ་སྲུང་སྐྱོབ་ཁག་ཐེག་བྱེད་རྒྱུ།

ག༽ གཞུང་འབྲེལ་མིན་པའི་སྤྱི་མང་ཚོགས་སྡེ་དང་ཞུ་གཏུག་ལས་འགུལ་བར་རྒྱལ་ཁབ་དག་གི་སུན་གཙེར་བརྡབ་གསིག་འགོག་སྡོམ་དང་། སྲིད་གཞུང་གི་སྐུ་ཚབ་དང་ཐུག་འཕྲད་སྐབས་སུ་གཞུང་འབྲེལ་མིན་པའི་སྤྱི་མང་ཚོགས་སྒེར་གྱི་བདེ་འཇགས་འགན་སྲུང་ཡོང་ཐབས་བཅས་ཀྱི་ཐད་ནས་བདེ་འཇགས་ལས་ཁུངས་ཀྱི་ལས་འཛིན་པར་སྦྱོང་བརྡར་སྤྲོད་པའི་དགོས་འདུན་འདོན་རྒྱུ།

༣༽ རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་སུ་གོམ་གང་མདུན་སྤོས་ཀྱིས། གཞུང་འབྲེལ་མིན་པའི་སྒྲིག་འཛུགས་ཁག་གི་ཞུ་གཏུག་ལས་འགུལ་བ་ཚོར་སྲུང་སྐྱོབ་དང་། སྲིད་གཞུང་དང་སྲིད་གཞུང་གི་མི་སྣས་ཞུ་གཏུག་ལས་འགུལ་བ་ཚོ་བརྙན་པར་དུ་ལེན་པ་དང་གཏམ་གླེང་སྒྲ་འཇུག་བྱེད་པ་སོགས་ཚུལ་མིན་གྱི་བསམ་སྦྱོར་འགོག་སྡོམ་བྱེད་རྒྱུ།

༤༽ ཕྱར་བ་གྲུ་འདེགས་ཀྱི་སྒོ་ནས་འགྲོ་བ་མིིའི་ཐོབ་ཐང་གི་ཁྲིམས་ཡིག་རྩ་འཛིན་ཁག་ལ་སྲུང་སྐྱོབ་དང་། པེ་ཅིན་སྲིད་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་རོགས་སྐྱོར་མཐུན་འགྱུར་ལ་གཡོ་ཇུས་ཀྱིས་བསྒྱུར་བཅོས་གཏོང་ཐབས་ལ་འགོག་རྒོལ་གནང་རྒྱུ།

རྒྱ་ནག་དམར་ཤོག་སྲིད་གཞུང་གིས་རྒྱ་ནག་ནང་ལོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་དཀའ་རྙོག་ནི་རྒྱ་ནག་ནང་ཁུལ་གྱི་དཀའ་རྙོག་ཡིན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱས་མི་ཆོག་ཅེས་བཤད་ཀྱི་ཡོད་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཞུགས་རྒྱལ་ཁབ་དག་གིས་རྒྱལ་སྤྱིའི་རྩ་ཁྲིམས་འོག་སོ་སོས་ཁས་ལེན་ཁག་ཐེག་བྱས་ཟིན་པ་གང་དེ་ལག་ལེན་བསྟར་ཐུབ་ཡོད་མེད་ལ་མ་བལྟས་པར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངོས་ནས་མི་ཚང་མའི་རང་དབང་དང་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་པའི་འགན་ཡོད། ང་ཚོའི་ངོས་ནས། འདིའི་ལོའི་འགྲོ་བ་མིའི་ཐོབ་ཐང་ལོ་འཁོར་ཉིན་མོ་སྲུང་བརྩི་བརྒྱུད་ནས། རྒྱལ་སྤྱིའི་སྤྱི་ཚོགས་ལ་འགྲོ་བ་མིའི་ཐོབ་ཐང་གི་རོགས་སྐྱོར་མཐུན་འགྱུར་གྱི་གལ་ཆེན་རང་བཞིན་དང་། པེ་ཅིན་སྲིད་གཞུང་དང་དེ་འབྲེལ་གྱི་སྲིད་གཞུང་དག་གིས་གཞུང་འབྲེལ་མིན་པའི་སྤྱི་མང་ཚོགས་སྡེ་ཁག་དང་འགྲོ་བ་མིའི་ཐོབ་ཐང་གི་འབོད་སྐུལ་ལ་བརྩི་བཀུར་བྱེད་འཇུག་པའི་ནུས་སྟོབས་བཅས་ཀྱི་ཐད་ལ་ངེས་ཤེས་སྐྱེད་པའི་རེ་བ་བྱེད་བཞིན་ཡོད།

འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་བཀྲ་ཤིས་བདེ་ལེགས་ཞུ།

ཞེས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས།