31/05/2020

དེ་རིང་གསུམ་བརྒྱད་རྒྱལ་སྤྱིའི་བུད་མེད་ཉིན་མོར་འདི་ག་ལྟེ་གནས་ཁང་གིས་ཕོ་མཆོག་མོ་དམན་གྱི་འབྱུང་རྩ་ཤེས་རྟོགས་དང་ཕོ་མོ་འདྲ་མཉམ་ཡོང་ཐབས་སྐོར་གྱི་དེབ་ཆུང་གསུམ་བོད་སྒྱུར་འགྲེམ་སྤེལ་བྱས་ཡོད།

  •   
  •  
  •  
  •  
  •  
  •  
  •  

འདི་ག་ལས་ཁུངས་ནས་སྒྲིག་སྒྱུར་བྱས་པའི་དེབ་ཆུང་འདི་དག་གི་ནང་དུ་གཙོ་བོ་རྩོམ་པ་བོས་སྔར་རྗེས་ཀྱི་ཟབ་སྦྱོང་གོ་བསྡུར་དང་ཞིབ་འཇུག་རྒྱུས་ལོན་གྱི་ཡིག་ཚགས་ཁག་གཞིར་བཟུང་སྟེ། ལོ་རྒྱུས་དང་སྲོལ་རྒྱུན་རང་བཞིན་དུ་དར་སྤེལ་རྒྱུན་འཛིན་བྱས་ནས་ཡོང་བའི་སྤྱི་ཚོགས་ཀྱི་གྲལ་རིམ་དང་ཆོས་ལུགས་རིག་གཞུང་། རིག་གནས་ཡུལ་སྲོལ། ཁྱིམ་ཚང་དང་བཅས་པའི་ནང་དུ་བུད་མེད་ལ་འཛིན་པའི་ལྟ་བ་དང་ལག་ལེན། དེའི་འབྱུང་རྐྱེན་དང་མཇུག་འབྲས། སྲིད་དོན་དཔལ་འབྱོར་དང་སྐད་ཡིག་སློབ་གསོའི་ཁྲོད་དུ་བུད་མེད་ཀྱི་གོ་བབ་དང་གོ་སྐབས། མིང་བརྡ་དང་བག་ཆགས། དེའི་གནས་སྟངས་དང་དཀའ་རྙོག་བཅས་ལ་གཞིགས་ཏེ། དེང་གི་བུད་མེད་ཀྱི་ཐོབ་ཐང་དང་རྩིས་ཐང་། བུད་མེད་ཀྱི་ཁེ་དབང་དང་རང་སྐྱོང་། བུད་མེད་ཀྱི་གནས་བབ་དང་འཇོན་ནུས་ཡར་རྒྱས་གཏོང་ཕྱོགས། དེ་བཞིན་དུ་ལོ་རྒྱུས་དང་སྲོལ་རྒྱུན་ལམ་ལུགས་ཀྱི་རང་བཞིན་ལྡན་པའི་ཕོ་དབང་གི་ལྟ་བ་དང་ཕོ་གཤིས་ཀྱི་ཤུགས་རྐྱེན། ཕོ་མོའི་རྟགས་ཀྱི་དབྱེ་བ་དང་ངལ་རྩོལ་གྱི་དབྱེ་བ། གོ་དབང་གི་དབྱེ་བ། ཁེ་ཐོབ་ཀྱི་དབྱེ་བ་སོགས། མདོར་དྲིལ་ན་བུད་མེད་ཀྱི་ཁེ་དབང་དང་ཐོབ་ཐང་སྐོར་དྲི་བ་དྲིས་ལན་གྱི་ཚུལ་དུ་གོ་བདེ་ཀློག་བདེ་རུ་བརྩམས་གནང་འདུག
འདི་ག་ལྟེ་གནས་ཁང་གི་ངོས་ནས་སྔར་རྗེས་ཐེངས་གཉིས་གསུམ་ཙམ་ལ་ཆེད་དུ་རང་རེའི་སྤྱི་ཚོགས་ནང་དུ་ཡང་ཕོ་མཆོག་མོ་དམན་གྱི་དཀའ་རྙོག་སྔོན་འགོག་དང་ཕོ་མོ་འདྲ་མཉམ་ཡོང་ཐབས། བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་དང་བུད་མེད་ཀྱི་ཐོབ་ཐང་འགན་སྲུང་། དེའི་གོ་རྟོགས་དང་ལག་ལེན། མཉམ་ཞུགས་བཅས་ཀྱི་སྐོར་ལ་གོ་བསྡུར་དང་ཟབ་སྦྱོང་གོ་སྒྲིག་བྱས་ཤིང་། ཟབ་སྦྱོང་སྤྲོད་མཁན་གཙོ་བོ་ཡང་འདི་ག་ལྟེ་གནས་ཁང་ནས་སྒྲིག་སྒྱུར་བྱས་པའི་<<ཕོ་དབང་རིང་ལུགས་ནི་ཅི་འདྲ་ཞིག་ཡིན་ནམ་>>དང་<<ཕོ་གཤིས་འཚོལ་བ>>།
གཞན་ཡང་<<ཕོ་མོ་དབྱེ་འབྱེད་ཀྱི་གོ་རྟོགས་>>བཅས་ཀྱི་རྩོམ་པ་བོ་ལྕམ་ཁམ་ལ་བྷེ་སེན་(Kamla Bhasin)ཡིན་ལ། ལྕམ་བྷ་སེན་གྱིས་འདས་པའི་མི་ལོ་༢༠ རིང་ལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཟའ་བཅའ་དང་སོ་ནམ་ཚན་པ་(Food and agriculture organization) ཡི་དབུལ་ཐར་བྱ་འགུལ་ཏེ་(freedom
from hunger campaign) ༼འཛམ་གླིང་སྒང་འདིར་བུད་མེད་ཀྱི་གནས་བབ་གཙོས་མེད་མུག་གི་དཀའ་ཁག་སེལ་ཐབས་༽ཐོག་ཕྱག་ལས་གནང་བར་མ་ཟད། ཕོ་མོ་དབྱེ་འབྱེད་ཀྱི་དཀའ་རྙོག་དང་དེའི་འབྱུང་རྐྱེན། དེའི་གོ་རྟོགས། དཀའ་ངལ་སེལ་ཐབས་དང་ལག་ལེན་ཡོང་ཐབས་ཀྱི་ཟབ་སྦྱོང་སྤྲོད་མཁན་དང་། དེའི་སྐོར་ལ་ཞིབ་འཇུག་དཔྱད་རྩོམ་འབྲི་མཁན་མ་ཡུམ་གྲགས་ཅན་ཞིག་ཡིན་པ་རེད།
ཕྱི་ལོ་༡༩༧༧ ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྟེང་དུ་རྒྱལ་སྤྱིའི་བུད་མེད་ཉིན་མོ་གཏན་འཁེལ་གསལ་བསྒྲགས་བསྐྱངས་པ་ནས་བཟུང་སྟེ། ལོ་རེའི་ཕྱི་ཟླ་༣ ཚེས་༨ཉིན་འཛམ་གླིང་ཡུལ་གྲུ་གང་སར་རྒྱལ་སྤྱིའི་བུད་མེད་ཉིན་མོ་སྲུང་བརྩི་གནང་མུས་ཡིན་ཞིང་། ཉིན་མོ་དེ་ནི་འཛམ་གླིང་སྟེང་གི་བུད་མེད་རིགས་ཡོངས་སུ་རྫོགས་པ་རྒྱལ་ཁོངས་རིགས་རུས་དང་སྐད་ཡིག་རིག་གནས། ཆབ་སྲིད་དཔལ་འབྱོར། ཡུལ་སྲོལ་གོམས་གཤིས། ཆོས་ལུགས་རིག་གཞུང་བཅས་ཀྱི་ཁྱད་པར་དང་དབྱེ་བ་མེད་པར་ཐུན་མོང་གི་ཐོག་ནས་བུད་མེད་ཀྱི་རྩིས་ཐང་དང་། བུད་མེད་ཀྱི་ཁེ་དབང་། བུད་མེད་ཀྱི་ཐོབ་ཐང་བརྩོན་ལེན་གནང་བའི་ཉིན་མོ་ཡིན་པར་མ་ཟད། གནའ་དེང་གི་ཕོ་དབང་རིང་ལུགས་དང་སྤྱི་ཚོགས་ཀྱི་གྲལ་རིམ་རང་བཞིན། ལྷག་པར་དུ་ཆབ་དཔལ་རིག་གསུམ་གྱི་ཐད་ནས་སྐྱེ་བ་ཕོ་མོ་གཉིས་ཀྱི་ཁེ་དབང་དང་ཐོབ་ཐང་། དགའ་ཕྱོགས་དང་རྩིས་ཐང་སོགས་འདྲ་མཉམ་ཡིན་པ་བརྩོན་ལེན་དང་དོན་གཉེར་གནང་བའི་ཉིན་མོ་ཞིག་ཀྱང་ཡིན་པ་རེད།
དེ་ཡང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་དང་བུད་མེད་ལ་དམན་པར་ལྟ་བའི་དབྱེ་འབྱེད་ཀྱི་རྣམ་པ་མཐའ་དག་འགོག་པའི་རྒྱལ་སྤྱིའི་སྤྱི་ཆིངས་ཀྱིས་མཚོན་པའི་ཁྲིམས་ཡིག་རྩ་འཛིན་ཁག་གི་ནང་གསལ་ལྟར། བུད་མེད་ཀྱི་ཐོབ་ཐང་ནི་འགྲོ་བ་མིའི་ཐོབ་ཐང་ཡིན་པ་དང་། འགྲོ་བ་མིའི་ཐོབ་ཐང་ནི་ཕོ་མོ་དབྱེ་འབྱེད་མེད་པར་འགྲོ་བ་མིའི་རིགས་ཚང་མར་ལྷན་སྐྱེས་སུ་མངའ་བའི་ཐོབ་ཐང་ཡིན་པ། འགྲོ་བ་མི་ཚང་མ་སྐྱེས་ཙམ་ནས་འདྲ་མཉམ་ཡིན་པས། སྐྱེ་བ་ཕོ་དང་སྐྱེ་བ་མོ་ཡི་ཐོབ་ཐང་དང་ཁེ་དབང་ཡང་འདྲ་མཉམ་ཡིན་པ་རེད།
ཡིན་ནའང་དེང་གི་དུས་འདིར་ད་དུང་རྒྱལ་ཁབ་དང་སྤྱི་ཚོགས། ལས་རིགས་སྡེ་ཁག་དང་དཔལ་འབྱོར་ཁྲོམ་ར། སློབ་གྲྭ་ཆེ་ཆུང་དང་ལས་གནས་མཐོ་དམའ་སོགས་ཀྱི་ཟུར་དང་ངོས་གང་རུང་དང་། ཐ་ན་ཁྱིམ་ཚང་ནང་ཁུལ་དུ་ཡང་སྐྱེས་པ་ནི་ཁྱད་དུ་འཕགས་པ་དང་བུད་མེད་ནི་དམན་པར་ལྟ་བའི་འདུ་ཤེས་ཀྱི་ཐོག་ནས་ཕོ་མཆོག་མོ་དམན་གྱི་དབྱེ་གཅོད་དང་སྟངས་འཛིན། བརྙས་བཅོས། བཤུ་གཞོག དམན་ལྟ། ལྷག་པར་དུ་བཙན་དང་དབང་གིས་བྲན་འཁོལ་དང་གཅར་རྡུང། བཙན་གཡེམ་དང་དམར་གསོད། ཉོ་འཚོང་ལ་སོགས་ཀྱི་ཡུལ་སྲོལ་ངན་པ་དང་ལྟ་བ་ཡ་མ་བརླ་མང་པོ་རྒྱུན་མཐུད་དང་དར་ཁྱབ་བྱུང་དང་འབྱུང་མུས་ཡིན་པ་རེད།

གཤམ་འཁོད་ཀྱི་འབྲེལ་ཐག་དམར་པོ་ཁག་བརྒྱུད་ནས་དེབ་ཆུང་ཁག་ལ་ལྟ་ཀློག་དང་ཕབ་ལེན་བྱེད་ཐུབ།

༡༽ ཕོ་དབང་རིང་ལུགས་ནི་ཅི་འདྲ་ཞིག་ཡིན་ནམ།

༢༽ ཕོ་གཤིས་འཚོལ་བ།

༣༽ ཕོ་མོ་དབྱེ་འབྱེད་ཀྱི་གོ་རྟོགས།