28/09/2020

དཔེ་དེབ་དབུ་འབྱེད་པར་འགྲེམས་ཀྱི་གསར་འགོད་གསལ་བསྒྲགས།

  •   
  •  
  •  
  •  
  •  
  •  
  •  
༼མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་ཁག༽ཅེས་པའི་དེབ་ཀྱི་རྒྱབ་ཤ
༼མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་ཁག༽ཅེས་པའི་དེབ་ཀྱི་རྒྱབ་ཤ

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ནང་།“སྐྱེ་བོ་ཐམས་ཅད་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན་པ་དང༌། ཁྲིམས་ཀྱི་ཐོག་ནས་དབྱེ་འབྱེད་མེད་པར་འདྲ་མཉམ་གྱིས་སྲུང་སྐྱོབ་བྱེད་དགོས་པའི་ཐོབ་ཐང་ཡོད།”ཅེས་གསལ་ཡོད།   རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ཀྱིས་མཚོན་པའི།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་དང་སྤྱི་ཆིངས་མང་པོར་མཚན་རྟགས་བཀོད་ཡོད་ཀྱང་། དོན་དངོས་ཐོག་རྒྱ་གཞུང་གིས་རྒྱལ་སྤྱིའི་ཁྲིམས་གཞི་དེ་དག་ལག་ལེན་བསྟར་གྱི་མེད་པ་མ་ཟད།  དམར་ཤོག་གཅིག་སྡུད་སྲིད་དབང་སྲ་བརྟན་ཡོང་ཐབས་ཀྱི་ཁྲིམས་དང་སྒྲིག་གཞི་སྣ་ཚོགས་བཟོས་ཏེ།  མུ་མཐུད་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་མི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་བཙན་འཕྲོག་བྱེད་བཞིན་ཡོད།

མ་གཞི་རྒྱ་ནག་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཞུགས་རྒྱལ་ཁབ་གྲས་ཀྱི་གཅིག་པའི་ཆ་ནས། རྒྱལ་ཚོགས་ཀྱི་བཅའ་ཁྲིམས་དང་སྤྱི་ཆིངས་ཁག་སོ་སོའི་རྒྱལ་ཁབ་ནང་ཁྱབ་བརྡལ་དང་གོ་རྟོགས་སྤེལ་རྒྱུའི་འོས་འགན་ཡོད་པ་རེད། ཡིན་ནའང་། རྒྱ་གཞུང་གིས་དེ་ལས་ལྡོག་སྟེ་མང་ཚོགས་ཀྱིས་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་ཁག་གི་དགོངས་དོན་མཁྱེན་རྟོགས་ཡོང་རྒྱུ་བཀག་འགོག་བྱེད་ཀྱིན་ཡོད།  དེར་བརྟེན་འདི་ག་ལྟེ་གནས་ཁང་གིས་རྒྱ་ཆེ་བོད་རིགས་མང་ཚོགས་ཀྱིས་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་ཁག་ནང་བཀོད་པའི་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་ཁེ་དབང་དག་མཁྱེན་རྟོགས་ཡོང་ཆེད།<བཙན་དབང་འོག་གར་སོང་ཆ་མེད་འགྱུར་རིགས་འགོག་པའི་རྒྱལ་སྤྱིའི་ཁྲིམས་ཡིག>དང་། <མནར་གཅོད་འགོག་པའི་ཁྲིམས་ཡིག་དང་། གདུག་རྩུབ་ཆེ་ལ་མི་སྤྱོད་ལས་འདས་པའི་ཉེས་ཁྲིམས་གཅོད་པའི་བྱ་སྤྱོད་གཞན་དག་འགོག་ཐབས་ཀྱི་ཁྲིམས་ཡིག>གིས་མཚོན་པའི་རྒྱལ་ཚོགས་ཀྱི་གལ་ཆེའི་ཁྲིམས་ཡིག་ཁག་ཅིག་བོད་བསྒྱུར་ཐོག  <<མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་ཁག>>ཅེས་པའི་དེབ་འདི་པར་འགྲེམས་བྱས་པ་ཡིན།

༼སོ་ལྟ་ཅན་གྱི་མང་གཙོ༽་ཞེས་པའི་དེབ་ཀྱི་རྒྱ་ཤདེ་བཞིན།  རྒྱ་གཞུང་གིས་ཕྱི་ལོ་ ༡༩༨༧ ལོར་ <<རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྡེ་དམངས་འཐུས་མི་ལྷན་ཚོགས་རྩ་འཛུགས་བཅའ་ཁྲིམས>>ཞེས་པ་གཏན་འབེབས་ཐོག  གྲོང་གསེབ་འོས་བསྡུ་དེར་ཐད་ཀར་འོས་བསྡུའི་ལམ་གྱི་“དམངས་གཙོ” ཞེས་བརྗོད་ཀྱིན་ཡོད་པ་མ་ཟད། ༢༠༡༣ ལོའི་ཕྱི་ཟླ་ ༡༠ ནང་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐད་ཡོངས་ཁྱབ་དུས་བཀག་བསྐྱར་ཞིབ་སྐབས། རྒྱ་ནང་གྲོང་གསེབ་བརྒྱ་ཆ་ ༩༨ ནང་ཐད་ཀར་དམངས་གཙོའི་ལམ་ནས་སྡེ་དམངས་འཐུས་མི་ལྷན་ཚོགས་འོས་བསྡུ་བྱས་ཡོད་ཚུལ་དང་། ལྷག་པར་དུ་“བོད་ལྗོངས་ཀྱི་འཕེལ་རྒྱས་དང་ཡར་ཐོན” ཞེས་པའི་རྒྱབ་ཤ་དཀར་པོའི་སྙན་ཐོའི་ནང་། བོད་ཁུལ་གྲོང་གསེབ་ཁག་ནང་སྡེ་དམངས་འཐུས་མི་ལྷན་ཚོགས་འོས་བསྡུ་བརྒྱུད།   དམངས་གཙོའི་ལམ་ལུགས་ལག་བསྟར་བྱེད་ཀྱིན་ཡོད་སྐོར་བརྗོད་དེ་རྒྱལ་སྤྱིའི་སྒང་དྲིལ་བསྒྲགས་ཤུགས་ཆེན་པོ་བྱས་ཡོད།

དེར་བརྟེན། རྒྱ་གཞུང་གི་གྲོང་གསེབ་དམངས་གཙོའི་སྐོར་གྱི་ཁྲིམས་དང་སྲིད་ཇུས་དེ་དག་གི་དམིགས་ཡུལ་དང་། འཆར་གཞི། ཐབས་ཇུས་བཅས་གསལ་རྟོགས་ཡོང་ཆེད། འདི་ག་ལྟེ་གནས་ཁང་གི་ངོས་ནས་རྒྱ་གཞུང་གིས་ལག་བསྟར་བྱེད་བཞིན་པའི་གྲོང་གསེབ་དམངས་གཙོའི་སྐོར་ལ་ཉམས་ཞིབ་བྱས་ཐོག  <<སོ་ལྟ་ཅན་གྱི་དམངས་གཙོ>>ཞེས་པའི་སྙན་ཐོ་འདི་ཉིད་བོད་རྒྱ་ཡིག་རིགས་གཉིས་ཐོག་པར་འགྲེམས་ཀྱིས།རྒྱ་གཞུང་གིས་དམངས་གཙོ་རུ་སྒྲོག་བཞིན་པའི་གྲོང་གསེབ་འོས་བསྡུའི་ལམ་ལུགས་དེ་ནི། དོན་དངོས་ཐོག་མི་དམངས་ཀྱི་ཁེ་དབང་དང་ཐོབ་ཐང་སྲུང་སྐྱོབ་ཀྱི་ལམ་ལུགས་ཤིག་མ་ཡིན་པར། རྒྱ་གཞུང་དམར་ཤོག་ཚོགས་པས་ཐད་ཀའི་སྟངས་འཛིན་འོག་གནས་ཡོད་པ་མ་ཟད། དེའི་དམིགས་ཡུལ་ནི་ཕྱོགས་གཅིག་ནས་རྣམ་པ་རང་བཞིན་གྱི་དམངས་གཙོའི་ལམ་ལུགས་ལག་ཆར་སྤྱད་ཐོག གཞི་རིམ་གྲོང་གསེབ་ཁག་ནང་སྔར་ལྷག་སྟངས་འཛིན་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་སྟེ།  མང་ཚོགས་རང་བཞིན་གྱི་ཞི་བའི་ངོ་རྒོལ་རྣམས་མཐའ་གཅིག་ཏུ་བཀག་སྡོམ་གྱིས་སྤྱི་ཚོགས་བརྟན་བརླིང་བཟོ་ཐབས་དང་།  ཕྱོགས་གཞན་གཅིག་ནས་གྲོང་གསེབ་དམངས་གཙོ་ཁ་ལ་ཁྱེར་ཏེ། དམར་ཤོག་གཅིག་སྡུད་གཞུང་དེར་ཁྲིམས་མཐུན་དམངས་གཙོའི་སྣང་བརྙན་བསྐྲུན་ཐབས་ཀྱི་སྲིད་ཇུས་ཤིག་ཡིན་པ་དེ་གསལ་འདོན་བྱས་ཡོད།

སྙན་ཐོ་འདི་ཉིད་ཀྱི་ཞིབ་འཇུག་གི་ཁྱབ་ཁོངས་གཙོ་བོ་ནི་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ཡིན། འོན་ཀྱང་། མཚོ་སྔོན་དང་ཟི་ཁྲོན། ཀན་སུའུ། ཡུན་ནན་སོགས་ཞིང་ཆེན་ཁག་ནང་ཡོད་པའི་བོད་ཀྱི་ས་ཁུལ་སོ་སོའི་གནས་སྟངས་ཀྱང་ཚུད་ཡོད། ང་ཚོའི་ངོས་ནས་རྒྱ་གཞུང་གིས་ ༡༩༩༨ ་ལོར་གཏན་འབེབས་བྱས་པའི་སྡེ་དམངས་འཐུས་མི་ལྷན་ཚོགས་རྩ་འཛུགས་བཅའ་ཁྲིམས་དང་། དེའི་ནང་གསེས་བྱེ་བྲག་སྒྲིག་གཞི་ཁག་གི་དོན་ཚན་བཅས་ལ་ཉམས་ཞིབ་བྱས་ཡོད་ལ། དེ་བཞིན་སྙན་ཐོ་འདིའི་ནང་བོད་ནས་གསར་དུ་འབྱོར་བའི་བོད་མི་ཚོར་བཅར་འདྲི་བརྒྱུད། སོ་སོ་སྡེ་པའི་ནང་གི་འོས་བསྡུའི་ཐད་ཀྱི་མཐོང་ཐོས་མྱོང་གསུམ་དང་། དེ་བཞིན།སོ་སོའི་སྤུན་ཉེ་དང་ཉེ་འཁོར་མང་ཚོགས་རྣམས་བརྒྱུད་ནས་ཤེས་རྟོགས་བྱུང་བའི་གནས་ཚུལ་བཅས་བཀོད་ཡོད།

 

 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་ཁག༽་དང་༼སོ་ལྟ་ཅན་གྱི་མང་གཙོ༽་དེ་མིན་སོ་ལྟ་ཅན་གྱི་མང་གཙོ་ཞེས་པའི་དེབ་ཀྱི་རྒྱ་འགྱུར་༼监视性民主༽་བཅས་ཀློག་འདོད་མཆིས་ཚེ་ཐད་ཀར་དེབ་ཀྱི་ཁ་བྱང་ལ་བསྣུན་ནས་ཕབ་ལེན་བྱེད་རོགས།

 

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས།

ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༧ ཚེས་ ༧ ལ།