15/10/2019
18 °C Dharmsala, IN

དགེ་འདུན་པ་ཞིག་མི་ལོ་གཅིག་ལྷག་རིང་གསང་བའི་ངང་བཀག་ཉར་བྱས་རྗེས་ལོ་གསུམ་གྱི་བཙོན་ཐག་བཅད་འདུག

  •   
  •  
  •  
  •  
  •  
  •  
  •  

རྒྱ་གཞུང་གིས་མདོ་སྨད་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་ཕྱོགས་ཀྱི་དགེ་འདུན་པ་ཞིག་ལ་རྒྱལ་ཁབ་ཀྱི་གསང་བ་ཕྱི་བསྒྲགས་པའི་དོགས་ཡོད་ཉེས་འཛུགས་འོག་ཏུ་མི་ལོ་གསུམ་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག

འདས་ལོའི་ཕྱི་ཟླ་༧ པའི་ནང་འཛིན་བཟུང་བཀག་ཉར་བྱས་རྗེས། ཟླ་འདིའི་ཕྱི་ཚེས་༣ ཉིན་རང་ལོ་༣༦ ཡིན་ཞིང་རྔ་བ་ཀིརྟི་དགོན་གྱི་དགེ་འདུན་པ་བློ་བཟང་རྡོ་རྗེ་ལ་མི་ལོ་གསུམ་རིང་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་དང་། དེ་ཡང་ས་གནས་ཉེན་རྟོག་པས་ཁོང་མཚན་གུང་ཙམ་ལ་ཀིརྟི་དགོན་གྱི་རང་ཤག་ནས་འཛིན་བཟུང་བཙན་ཁྲིད་ཀྱིས་ད་བར་དུ་བཀག་བསྐྱིལ་བྱས་ཡོད་པ་རེད། དེ་སྔོན་ཁོང་གིས་བྱེས་ཀྱི་བོད་མིར་འབྲེལ་གཏུག་གནང་བའི་དོགས་གཞིའི་འོག་ཏུ་རྒྱ་གཞུང་གིས་བཀག་བསྐྱིལ་བྱས་པར་ཡིད་ཆེས་བྱེད་ཀྱི་ཡོད་ཀྱང་། དོན་དངོས་སུ་རྒྱ་གཞུང་གིས་ཁོང་ལ་མི་ལོ་གསུམ་གྱི་དུས་བཀག་བཙོན་འཇུག་བྱེད་དགོས་པའི་ཉེས་གསོག་ག་རེ་ཡིན་མིན་ཤེས་རྟོགས་ཐུབ་མེད་མོད། རྒྱ་ནག་སྲིད་གཞུང་གི་ཉེས་ཁྲིམས་ཟེར་བའི་འོག་ཏུ་བོད་མི་ཚོར་ནམ་ཞར་རྒྱལ་ཁབ་ཀྱི་གསང་བ་ཕྱི་ལ་བསྒྲགས་པའི་ནག་ཉེས་བཙན་འགེལ་གྱིས། དུས་ཡུན་མི་ལོ་གསུམ་རིང་ལ་བཙོན་འཇུག་བྱེད་པ་ནི་ཆེས་རྒྱུན་ལྡན་གྱི་གནས་སྟངས་ཤིག་ཆགས་ཡོད།

དགེ་འདུན་པ་བློ་བཟང་རྡོ་རྗེ་ནི་རྔ་བ་རྫོང་ཕྱུགས་ལས་འགབ་མའི་ཕ་སངས་རིས་ཀྱི་བུ་ཡིན་པ་དང་། ཁོང་ལོ་ན་ཆུང་དུས་ནས་ཀིརྟི་དགོན་གྱི་ཆོས་སྒོར་ཞུགས་ཡོད། ཕྱི་ལོ་༢༠༠༨ ལོར་ཡང་རྒྱ་གཞུང་གིས་ཁོང་འཛིན་བཟུང་གིས་མི་ལོ་༢ གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་མྱོང་ཡོད་པ་རེད།

དེ་ཡང་​ཕྱི་ལོ་༢༠༠༨  ཟླ་༥ ཚེས་༢༣ ཉིན་བློ་བཟང་རྡོ་རྗེ་དང་གཞན་དགེ་འདུན་ཀུན་དགའ་གཉིས་ཀིརྟི་དགོན་ནས་འཛིན་བཟུང་བཀག་བསྐྱིལ་བྱས་ཡོད་པ་དང་། ཁོང་གཉིས་བཀག་བསྐྱིལ་བྱས་དོན་ནི། ཁོང་རྣམ་པ་གཉིས་ནས་རྒྱ་ནག་དམར་ཤོག་སྲིད་གཞུང་གི་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ཆབ་སྲིད་སློབ་གསོ་དང་ལེན་མ་གནང་བའི་རྐྱེན་གྱིས། ཕྱིས་སུ་ཁོང་གཉིས་ལ་མི་ལོ་༢ གྱི་དུས་བཀག་བཙོན་འཇུག་བྱས་པ་ཞིག་རེད། སྐབས་དེའི་ཡུལ་ངོས་ཀྱི་དགེ་འདུན་པ་ཚོས། ཁོང་གཉིས་འཛིན་བཟུང་བྱས་པ་དེས་ག་རེ་མཚོན་གྱི་ཡོད་པ་རེད་ཅེ་ན། ང་ཚོ་སུ་ཡིན་ཡང་འདི་ལྟར་དགོན་པ་ནས་རྒྱ་ནག་སྲིད་གཞུང་གི་ལས་བྱེད་ཚོའི་འོག་ཏུ་མགོ་སྒུར་ནས་བསྡད་པ་དེ་ནི་བཙོན་འཇུག་བྱེད་རྒྱུར་སྒུག་པ་ལས་གཞན་ཅི་ཡང་མ་ཡིན་པ་མཚོན་གྱི་ཡོད་པའི་བསམ་ཚུལ་བརྗོད་ཡོད།

འདི་ག་ལྟེ་གནས་ཁང་གི་ངོས་ནས། རྒྱ་གཞུང་གིས་དགེ་འདུན་པ་བློ་བཟང་རྡོ་རྗེ་ལ་དྲང་བདེན་མ་ཡིན་པའི་ཁྲིམས་ཐག་བཅད་པ་དེ་ནི། བོད་མིའི་ཆབ་སྲིད་དང་ཆོས་དད་རང་དབང་ལ་དམིགས་ཡུལ་དང་འཆར་གཞི་ལྡན་པའི་ཉེས་ཁྲིམས་ལག་བསྟར་གྱི་མཇུག་འབྲས་ཡིན་དུས།  རྒྱ་ནག་དམར་ཤོག་སྲིད་གཞུང་གིས་དགེ་འདུན་པ་ཁོང་དང་བོད་མི་གཞན་དག་ཚང་མ་ཆ་རྐྱེན་ཅི་ཡང་མེད་པའི་ཐོག་ནས་མྱུར་དུ་གློད་གྲོལ་གཏོང་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུ་ཡི་ཡོད། རྒྱ་ནག་སྲིད་གཞུང་གིས་ངེས་པར་དུ་རྒྱལ་སྤྱིའི་རྩ་ཁྲིམས་དང་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ནང་གསལ་གྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་ལ་བརྩི་འཇོག་དང་འགན་སྲུང་བྱེད་དགོས།

གསལ་བཤད། ཐེངས་སྔོན་པའི་གནས་ཚུལ་ནང་དུ། དགེ་འདུན་པ་བློ་བཟང་རྡོ་རྗེ་ཕྱི་ལོ་༢༠༡༡ ལོར་དུས་ཡུན་མི་ལོ་གཉིས་རིང་བཙོན་འཇུག་བྱས་པའི་གནས་ཚུལ་གྱི་ཟླ་ཚེས་ནོར་འདུག་པས། ད་ལན་གྱི་གནས་ཚུལ་འདིའི་ནང་དུ་ཟླ་ཚེས་ནོར་བཅོས་བྱས་ཡོད་པ་དགོངས་འཇགས་འཚལ།