30/10/2020

དཀོན་མཆོག་ཚེ་བརྟན་གྱིས་རྔ་བ་དམེ་རུ་མ་ཞང་དུ་རང་ལུས་མེར་བསྲེགས།

  •   
  •  
  •  
  •  
  •  
  •  
  •  

 

རང་ལུས་མེར་བསྲེགས་གནང་མཁན་དཀོན་མཆོག་ཚེ་བརྟན།
རང་ལུས་མེར་བསྲེགས་གནང་མཁན་དཀོན་མཆོག་ཚེ་བརྟན།

ཁ་སང་ཕྱི་ཚེས་ ༣ ཉིན་གྱི་ཕྱི་དྲོ་བོད་མདོ་སྨད་རྨ་ཆུ་ཆུ་ཁ་མ་ནས་སྐྱེས་པའི་དཀོན་མཆོག་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་སྟེ།  རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་སྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ཞི་རྒོལ་གནང་ཡོད་པ་རེད།  ཁོང་ནི་བོད་ནང་དུ་རང་ལུས་མེར་བསྲེགས་གནང་མཁན་  ༡༢༣  པ་ཆགས་ཡོད།

 

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན།  ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༣ ཉིན།  ཟི་ཁྲོན་ཞིང་ཆེན་རྔ་བ་ཁུལ་རྔ་བ་རྫོང་དམེ་རུ་མ་ཞང་ཐོག་ཏུ། རང་ལོ་ ༣༠ ཡིན་པའི་བོད་མི་དཀོན་མཆོག་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་གནང་ཡོད་པ་དང་།  སྐབས་དེར་ཁོང་གིས་ལུས་སྟེང་དུ་མེ་འབར་བཞིན།  ༼རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཁྲི་ལོར་བརྟན་པར་ཤོག རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་ཕེབས་དགོས། བོད་མི་གཞིས་བྱེས་མཉམ་འཛོམས་ཡོང་དགོས། ༽སྐད་འབོད་གནང་སྟེ། ཡུལ་ཚོའི་སྲང་བར་ནས་ཡར་རྒྱུགས་མར་རྒྱུགས་བྱས་མཐར་སར་འགྱེལ་ཡོད་འདུག  ས་གནས་མང་ཚོགས་ཀྱིས་མཐོང་བ་ལྟར་ན།  སར་འགྱེལ་དུས་ཀྱང་ཁོང་གིས་མེ་ལྕེ་ཁྲོད་ལག་གཉིས་ཐལ་མོ་སྦྱར་ཏེ་སྐད་ཆ་བརྗོད་ཀྱིན་འདུག་མོད། ཡིན་ནའང་། བརྗོད་ཀྱིན་པའི་སྐད་ཆའི་འབྲི་དོན་གསལ་བོ་ཐོས་ཐུབ་མི་འདུག

དེ་རྗེས་ཉེན་རྟོག་པ་དང་དམག་མི་སླེབས་ཏེ་ཁོང་གི་ལུས་པོ་བཙན་འཕྲོག་བྱ་རྩིས་བྱས་སྟབས།   ས་གནས་མང་ཚོགས་ཀྱིས་འཁྱེར་མ་བཅུག་པར་བཀག་འགོག་བྱས་ཏེ། ཉེན་རྟོག་པ་དང་མང་ཚོགས་བར་རྩོད་རྙོག་ཕྲན་བུ་ཞིག་ཀྱང་བྱུང་ཡོད་པ་དང་།    མཐའ་མར་ཉེན་རྟོག་པས་ཁོང་གི་ལུས་པོ་བཙན་འཁྱེར་བྱས་འདུག  སྐབས་དེར་ས་གནས་ཡུལ་མི་སྐོར་ཞིག་ཀྱང་འཇུ་བཟུང་བཙན་འཁྲིད་བྱས་ཡོད་པ་མ་ཟད།  རྗེས་སུ་དཀོན་མཆོག་ཚེ་བརྟན་གྱི་ཆུང་མ་དང་ཉེ་འབྲེལ་འགའ་ཞིག་ཀྱང་འཇུ་བཟུང་བྱས་ཡོད་པའི་གནས་ཚུལ་འདུག

 

ད་ལྟའི་ཆར་དཀོན་མཆོག་ཚེ་བརྟེན་ལགས་སྐུ་གྲོངས་ཡོད་མེད་ཐད་གནས་ཚུལ་གསལ་བོ་ཤེས་རྟོགས་ཐུབ་ཁག་མོད།  ས་གནས་མང་ཚོགས་ཀྱིས་བརྗོད་པ་ལྟར་ན། ད་ལྟའི་ཆར་ཁོང་གི་འབར་ཁམས་ཁུལ་གྱི་སྨན་ཞིག་ཏུ་ཁྱེར་ཡོད་པ་དང་།  རྒྱ་གཞུང་ཉེན་རྟོག་པས་ཁོ་རང་གི་ལུས་པོ་བཙན་འཁྱེར་བྱེད་སྐབས་སུ།  ལུས་པོ་མེར་ཚིགས་པའི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད་འདུག

 

དཀོན་མཆོག་ཚེ་བརྟན་ལགས་ནི།  རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱི་ས་ཁོངས་ལྟར་བྱས་ན།  ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་རྨ་ཆུ་རྫོང་ཆུ་ཁ་མ་ཞང་རྒྱུ་ལག་རུ་ཆེན་ནས་ཡིན་པ་དང་།  ཁོང་གི་ཕའི་མིང་ལ་བསམ་ཁོ་དང་མའི་མིང་ལ་འོ་དགའ།  ཆུང་མའི་མིང་ལ་ནམ་སྣང་ཟེར་ཞིང་ད་ལྟ་ལོ་ ༢༨ ཡིན་འདུག   ཁོང་བཟའ་མི་གཉིས་ལ་བུ་གཉིས་ཡོད་པའི་ནང་ནས།  ཆེ་བ་ལོ་ ༤ ཡིན་ལ་མིང་ལ་ཕྱག་རྡོར་སྐྱབས་ཟེར།  ཆུང་བ་ལོ་ ༣ ཡིན་ལ་མིང་ལ་དཔའ་རྩལ་སྐྱབས་ཟེར།

 

དཀོན་མཆོག་ཚེ་བརྟན་ལགས་ནི་ཆུང་མའི་ཁྱིམ་ལ་ཕར་མག་པར་ཕྱིན་པ་ཞིག་ཡིན་འདུག་ལ།  ཁོང་གི་ཆུང་མའི་ཁྱིམ་ཚང་ནི་རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱི་ས་ཁོངས་ལྟར་བྱས་ན།  ཟི་ཁྲོན་ཞིང་ཆེན་རྔ་བ་ཁུལ་རྔ་བ་རྫོང་དམེ་རུ་མ་ཞང་རུ་ཁག་དང་པོ་ནས་ཡིན་པ་རེད། དཀོན་མཆོག་ཚེ་བརྟན་ལགས་ཆུང་དུས་སློབ་ཆུང་བསྐྱོད་མྱོངས་ཡོད་པ་དང་། རྗེས་སུ་མག་པར་ཕྱིན་ཏེ་ཕྱུག་སྐྱོང་འབྲོག་ལས་ཀྱི་འཚོ་བ་གཉེར་བཞིན་ཡོད་འདུག

 

ཕྱི་ལོ་ ༢༠༡༢ ཟླ་ ༡ པོའི་ཚེས་ ༢༣ ཉིན། དམེ་རུ་མ་ཞང་ཐོག་ཏུ་མི་བརྒྱ་གྲངས་ཤིག་འདུ་འཛོམས་ཀྱིས། རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་སྐད་འབོད་བྱས་ཡོད་པ་མ་ཟད།  རྗེས་སུ་འབྲེལ་ཡོད་མི་སྣ་ཁག་ཅིག་འཇུ་བཟུང་ཡང་བྱས་ཡོད་པ་རེད།   སྐབས་དེའི་ཞི་བའི་ངོ་རྒོལ་ཁྲོད་དུ་དཀོན་མཆོག་ཚེ་བརྟན་ལགས་མཉམ་ཞུགས་ཡོད་པ་དང་།  རྗེས་སུ་ས་གནས་འབྲེལ་ཡོད་སྡེ་ཁག་གིས་ཁོང་འབོད་འགུག་བྱས་ཡོད་ཀྱང་། ཁོང་ས་གནས་ཡར་མར་ལ་བྲོས་བྱོལ་གྱིས་མགོ་འདོགས་བྱས་མེད་པ་རེད།

 

གཞན་ཡང་།  དེ་རིང་ཕྱི་ཚེས་ ༤ ཉིན་གྱི་ཞོགས་པ་ནས་བཟུང་།  དམེ་རུ་མ་ཞང་ཐོག་གི་ཚོང་ཁང་དང་ཟ་ཁང་ཆ་ཚང་སྒོ་རྒྱག་བཅུགས་ཡོད་པ་མ་ཟད།  དམག་མི་དང་ཉེན་རྟོག་པ་མང་པོ་འགྲེམས་འཇོགས་གིས།  མང་ཚོགས་རྣམས་ཞང་ཐོག་ཏུ་འགྲོ་བསྐྱོད་ཐད་བཀག་སྡོམ་དང་། སྲང་ལམ་དུ་ཁ་པར་རྒྱག་མཁན་མང་ཚོགས་མཐོང་ཚེ་ཁ་པར་ཡང་བཙན་འཕྲོག་སོགས་བྱེད་ཀྱི་ཡོད་འདུག  ད་ལྟའི་ཆར་དམེ་རུ་མ་ཞང་དུ་དམ་དྲག་ཤུགས་ཆེན་པོ་བྱེད་བཞིན་ཡོད་འདུག