14/04/2021

དཀར་མཛེས་ཁུལ་དུ་ཆུ་ཤུགས་གློག་ཁང་ཆེ་འབྲིང་༧༠ ལྷག་བསྐྲུན་ཆེད་ས་གནས་བོད་མི་ཚོ་གནས་སྤོར་གཏོང་གི་ཡོད་འདུག

  •   
  •  
  •  
  •  
  •  
  •  
  •  
ཡར་ཀླུང་གཙོང་བོ།

ཕྱི་ཟླ་༩ ཚེས་༢༥ ཉིན་གྱི་ཟི་ཁྲོན་ཉིན་རེའི་ཚགས་པར་ལྟར་ན། ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་ཆུ་ཤུགས་གློག་ཁང་ཆེ་འབྲིང་༧༠ ལྷག་འཛུགས་སྐྲུན་བྱས་དང་བྱ་འཆར་ཡོད་པ་རེད།

ཆུ་མཛོད་གློག་ཁང་རྒྱག་བཞིན་པ་དེ་ནི་རྒྱ་གཞུང་གི་ལོ་ལྔ་ཚན་བཅུ་གསུམ་པའི་༼ཕྱི་ལོ་༢༠༡༦ ནས་༢༠༢༠ བར།༽འཆར་འགོད་གཞིར་བཟུང་བ་ཞིག་ཡིན་པ་དང་། འཆར་འགོད་དེའི་མིང་ཐོག་ནས་རྒྱ་གཞུང་གིས་མཚོ་སྔོན་དང་ཡུན་ནན། ཟི་ཁྲོན་བཅས་གྱི་གནོད་སྐྱོན་ཕོག་སླ་བའི་བོད་ཡུལ་མཐོ་སྒང་དུ་གཞི་རྒྱ་ཆེ་བའི་ཆུ་ཤུགས་གློག་ཁང་གསར་རྒྱག་གི་ལས་གཞི་ལས་ལག་བསྟར་བྱེད་ཀྱི་འདུག

ཟི་ཁྲོན་ཉིན་རེའི་ཚགས་པར་སྟེང་དུ། ཆུ་གློག་ཐོན་ཁུངས་གསར་སྤེལ་གྱི་ལས་གཞི་དེ་དག་གི་ནང་དུ་ཉག་ཆུ་དང་འབྲི་ཆུ། རྒྱལ་མོ་དངུལ་ཆུ་བཅས་དང་། གཙང་ཆུ་དེ་དག་གི་ཡན་ལག་གཙང་ཆུ་ཁག་ཚུད་ཡོད་རབས་འཁོད་པར་མ་ཟད། ཐོན་གཉེར་གློག་ཤུགས་ཀེ་ལོ་ཝ་ཊི་ས་ཡ་༥༠ ཡས་མས་ཟིན་པ་ལས། གློག་ཤུགས་ཀེ་ལོ་ཝ་ཊི་ས་ཡ་༤༡.༣ བཀོལ་སྤྱོད་ཐུབ་པར་ཚོད་རྩིས་བྱེད་ཀྱི་ཡོད་ལུགས་བཤད་འདུག

ཆུ་མཛོད་གློག་ཁང་འཛུགས་སྐྲུན་ལས་གཞིའི་ཁྲོད་དུ། རྒྱ་གཞུང་གིས་ས་གནས་བོད་མི་ཚོ་བཙན་གྱིས་ས་གནས་གཞན་དུ་གནས་སྤོར་བཏང་སྟེ་སྲིད་གཞུང་གི་རོགས་སྐྱོབ་འབའ་ཞིག་ལ་བསྟུན་དགོས་པ་བཟོས་འདུག ད་སྔ་ས་གནས་བོད་མི་ག་ཚོད་ཅིག་གནས་སྤོར་བཏང་ཡོད་མེད་གསལ་རྟོགས་དཀའ་ནའང་། ཟི་ཁྲོན་ཉིན་རེའི་ཚགས་པར་ནང་དུ། དར་རྩེ་མདོ་དང་ལྕགས་ཟམ་རྫོང་། བསྟན་པ་རྫོང་། བརྒྱད་ཟུར་སོགས། རྫོང་དང་གྲོང་ཁྱེར་ཁག་ཏུ་གཅིག་བསྡུས་གནས་སྤོར་ས་ཚུགས་བཟོས་ཡོད་ལུགས་དང་། དཀར་མཛེས་ཁུལ་སྲིད་གཞུང་གིས་ཆུ་གློག་གནས་སྤོར་ཐད་ལ་མ་དངུལ་རྒྱ་སྒོར་དུང་ཕྱིར་༩.༡ བཏང་རབས་འཁོད་འདུག

ཚགས་པར་ནང་དུ་ད་དུང་། དཀར་མཛེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགོ་ཁྲིད། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཚན་པའི་མཛུབ་སྟོན་དང་རྒྱབ་སྐྱོར་འོག དཀར་མཛེས་ཁུལ་ཆུ་གློག་གནས་སྤོར་གོ་རིམ་ཁྲོད་དུ། གནས་སྤོར་མང་ཚོགས་ལ་ཞབས་ཞུ་དང་ལས་གཞི་འཛུགས་སྐྲུན་ལ་སྐུད་འདེད། ཆུ་མཛོད་ས་ཁུལ་འཕེལ་རྒྱས། སྤྱི་ཚོགས་བརྟན་ལྷིང་ལ་འགན་ལེན་དགོས་ལུགས་བཤད་འདུག

ཆུ་མཛོད་གློག་ཁང་འཛུགས་སྐྲུན་འགོ་བཙུགས་པ་ནས། འཛུགས་སྐྲུན་ལས་གཞི་སྟབས་བདེར་བསྐྲུན་ཆེད། ས་ཁུལ་དེའི་ནང་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་གཞུང་ལམ་བསྐྱར་བསྐྲུན་གྱི་སྤྱིའི་རིང་ཚད་ལ་ཁྱོན་སྤྱི་ལེ་༢༣༠ ལྷག་ཟིན་གྱི་ཡོད་པ་དང་། རྒྱ་གཞུང་གིས་དེ་ནི་ས་གནས་མང་ཚོགས་ཀྱི་འགྲིམ་འགྲུལ་སྟབས་བདེར་བཏང་བ་ཞིག་ཡིན་རབས་འགྲེལ་འདུག

རྒྱ་ནག་ས་གནས་སྲིད་གཞུང་ཁག་གིས། ལོ་ལྔ་ཚན་བཅུ་གསུམ་པ་ནས་བཟུང་། རིམ་ཁུལ་སྲིད་གཞུང་གིས་ཚན་རྩལ་ཟབ་སྦྱོང་དང་ལག་ལེན་ཟབ་སྦྱོང་། ལས་ཞུགས་ལག་རྩལ་སྦྱོར་བརྡར། གསོལ་མགྲོན་ཁང་གི་ཞབས་ཞུ་ལས་རིགས་ཀྱི་ཟབ་སྦྱོང་། དེ་བཞིན་རྒྱལ་མོ་དངུལ་ཆུ་དང་ཉག་ཆུ་རྒྱུད་ཀྱི་ཆུ་གློག་གནས་སྤོར་མི་དམངས་ལ་ཞིང་སྡེ་ཡུལ་སྐོར་ལས་རིགས་གསར་སྤེལ་གྱི་ལག་རྩལ་ལས་རིགས་མཁོ་འདོན་སོགས་ལ་མ་དངུལ་རྒྱ་སྒོར་ས་ཡ་༨.༣༣ བཏང་རབས་དང་། ད་དུང་ཆུ་མཛོད་གློག་ཁང་འཛུགས་སྐྲུན་ལས་གཞིའི་ཁྲོད་དུ་གནས་སྤོར་མི་མང་ལ་ལས་རིགས་དང་མ་དངུལ་རོགས་སྐྱོར་ཡོད་ལུགས་བཤད་འདུག

སྤྱིར་རྒྱ་གཞུང་གིས་བཙན་གྱིས་གནས་སྤོར་བཏང་བའི་ས་གནས་བོད་མིའི་གནས་སྟངས་དངོས་དེ་གསལ་རྟོགས་དཀའ་ནའང་། རྒྱ་གཞུང་གི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་གཞིར་བཟུང་ནས། གནོད་སྐྱོན་ཕོག་སླ་བའི་བོད་ཡུལ་མཐོ་སྒང་དུ་དངོས་སུ་ཉེན་ཚབས་ཆེ་བའི་ཆུ་མཛོད་གློག་ཁང་མང་པོ་འཛུགས་སྐྲུན་བྱེད་བཞིན་དེ་ནི་ཧ་ཅང་བློ་འཚབ་སྐྱེ་གཞི་ཆགས་ཡོད། རྒྱ་གཞུང་གིས་ཕྱི་ལོ་༢༠༣༠ བར་དུ། དགོས་མཁོའི་ནུས་ཤུགས་བརྒྱ་ཆ་༢༠ དེ་ནུས་ཤུགས་གཙང་མ་༼ཉི་ནུས་རླུང་ནུས་ཆུ་ནུས་ལྟ་བུ།༽ནས་ཐོན་གཉེར་བྱས་ཏེ། དྲོད་ཁང་རླངས་རྫས་༼དུག་རླངས།༽ཇེ་ཉུང་དུ་གཏོང་རྒྱུ་ཁས་ལེན་ཁག་ཐེག་བྱས་ཡོད་པ་ལྟར། ཁས་བླངས་ཁག་ཐེག་ལ་བརྟེན་ནས། རྒྱ་གཞུང་གིས་ཚབས་ཆེ་བའི་སྐྱེ་ཁམས་ཁོར་ཡུག་གི་འཇིག་ཉེན་སྣང་མེད་དུ་བཞག་ནས། གཞི་རྒྱ་ཆེ་བའི་ཆུ་མཛོད་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་ཏེ། ཡ་གླིང་ཨེ་ཤ་ཡའི་གཙང་ཆུ་ཆེ་ཁག་གི་འབྱུང་ཁུངས་གཙོ་བོ་བོད་ཡུལ་མཐོ་སྒང་གི་ཆུའི་ཐོན་ཁུངས་ལ་བཤུ་གཞོག་གཏོང་མུས་ཡིན་པ་རེད།