26/11/2020

ཐོབ་ཐང་བཙན་འཕྲོག་ཐེབས་པའི་མི་མང་ལ་མཚོན་ན་ཞི་རྒོལ་ནི་རྒྱུ་རྐྱེན་ཤེས་རྟོགས་ཡོང་ཐབས་གལ་འགངས་ཆེན་པོ་ཞིག་ཡིན། བོད་དོན་ལས་འགུལ་བ་ཚེ་རིང་གཡང་སྐྱིད།

  •   
  •  
  •  
  •  
  •  
  •  
  •  

“ནར་གསོན་གྱི་ལོ་ཟླའི་ཁྲོད་དུ་བོད་མིའི་སྒེར་ལངས་ལས་འགུལ་གྱི་དུས་དྲན་ཉིན་མོ་ནི་རང་སེམས་ནས་ཧ་ཅང་དམིགས་བསལ་གྱི་ཉིན་མོ་ཞིག་ཡིན་པར་སྙམ། ཉིན་མོ་དེས་ང་ཚོའི་རྒན་རབས་རྣམས་སྐྱབས་བཅོལ་དུ་ཕེབས་དོན་ཙམ་མ་ཟད། ཁོང་ཚོས་བོད་ནང་དུ་བོད་དོན་འཐབ་རྩོད་གནང་བ་དང་བཙན་བྱོལ་དུ་མུ་མཐུད་བོད་དོན་འཐབ་རྩོད་གནང་བར་དྲན་གསོ་གནང་བ་དང་། ལོ་ན་ཆུང་དུས་ང་ལ་བོད་རྒྱལ་ཁབ་སླར་གསོའི་ཕུགས་འདུན་བསྟབས་མྱོང་།”

གཟའ་འཁོར་འདིའི་ཞི་རྒོལ་ཐོབ་ཐང་ལས་འགུལ་ནང་མཉམ་ཞུགས་གནང་མཁན་ཚེ་རིང་གཡང་སྐྱིད་ཀྱིས་ཨ་རིའི་མངའ་སྡེ་ཁ་ལེ་ཧྥོར་ནེ་ཡའི་གྲོང་ཁྱེར་སན་ཕ་བྷི་ལོར་རྟེན་གཞི་བྱས་པའི་བྱིས་པའི་སེམས་ཁམས་འཕྲོད་བསྟེན་ཁང་དུ་གཉེན་སྒྲིག་དང་ཁྱིམ་མིའི་སེམས་ཁམས་འཕྲོད་བསྟེན་སྐོར་གྱི་ཕྱག་ལས་གནང་གི་ཡོད་པ་དང་། འདས་པའི་ལོ་མང་རིང་མོས་བོད་དོན་ལས་འགུལ་གྱི་ཕྱག་ལས་གནང་བ་རེད།

“ང་ཚོ་བོད་མིར་མཚོན་ན་འདས་པའི་མི་ལོ་དྲུག་བཅུ་ལྷག་ཕྱིན་ཡང་རྒྱ་གཞུང་གིས་ད་དུང་ཡང་ང་ཚོའི་མི་མང་ལ་མནར་གཅོད་དང་ཁོར་ཡུག་ལ་གཏོར་གཅོམ་གཏོང་གི་ཡོད། ང་ཚོ་སྔར་བཞིན་བོད་དོན་འཐབ་རྩོད་ཀྱི་དཀའ་ཁག་ཁྲོད་དུ་ཡོད་ཀྱང་། དེང་སྐབས་སུམ་བཅུའི་དུས་དྲན་སྐབས་སུ་གྲོང་ཁྱེར་ལོན་ཊོན་དང་ཕ་རི་སི། ནེའུ་ཡོག ལྡི་ལི་དང་སན་ཧྥ་རན་སེ་ཁོ་སོགས་ཀྱི་སྲང་ལམ་ཁག་ཏུ་བོད་མི་དང་བོད་དོན་རྒྱབ་སྐྱོར་གནང་མཁན་མི་མང་གི་སྐད་འབོད་ཁྲོམ་སྐོར་མཐོང་རྒྱུ་ཡོད་པ་མ་ཟད། སེམས་སྡུག་ཞི་ཐབས་དང་དཀའ་སྡུག་སེལ་ཐབས་རིགས་ཤིག་ཀྱང་མཐོང་གི་འདུག མ་ཟད་ངས་ད་དུང་བོད་མི་རྒན་གཞོན་ཚང་མས་དཔུང་གདང་སྒྲིལ་ནས་སྐད་འབོད་གནང་བ་དང་རྒྱལ་གླུ་ལེན་པ། གསལ་འདེབས་གནང་བ། དོན་ལྡན་གྱི་རེ་བ་ཞིག་ཀྱང་མཐོང་གི་འདུག ངས་ད་དུང་གཞོན་སྐྱེས་ཚོས་བོད་མིའི་མགྲིན་ཚབ་ཀྱི་འགན་ཁུར་ནས་ཕ་ཡུལ་རྩོད་ལེན་དང་བོད་དོན་འཐབ་རྩོད་གནང་བཞིན་པ་མཐོང་གི་འདུག

“དེ་བས་གནས་ཡུལ་མང་གཙོའི་རྒྱལ་ཁབ་ཁག་ནང་ང་ཚོ་སྐྱབས་བཅོལ་བ་ཚོར་གཞི་རྩའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་ལ་ཁག་ཐེག་ཆ་ཚང་ཡོད་པས། ང་ཚོས་མུ་མཐུད་བདེན་པའི་འཐབ་རྩོད་ཀྱི་རང་དབང་ལོངས་སུ་སྤྱད་ནས་བོད་ནང་ལོགས་ཀྱི་བོད་རིགས་སྤུན་ཟླ་ཕོ་མོ་རྣམས་ཀྱི་རང་དབང་ཐོབ་ཐང་གི་ཆེད་དུ་ཞུ་འབོད་བྱེད་པའམ། ཡང་ན་མུ་མཐུད་རྒྱ་ནག་དམར་ཤོག་གཞུང་གི་གདུག་རྩུབ་དབང་སྒྱུར་འོག་ཏུ་ལྷག་ངེས་རེད།”

ཚེ་རིང་གཡང་སྐྱིད་ཐེངས་འདིའི་ཞི་རྒོལ་ཐོབ་ཐང་ལས་འགུལ་ནང་མཉམ་ཞུགས་ཀྱིས་རྒྱ་གཞུང་ལ་འབོད་སྐུལ་གནང་དོན།

༡༽ ཞི་བའི་འདུ་འཛོམ་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཡིག་རྩ་འཛིན་དང་འགལ་བའི་རྒྱ་གཞུང་གི་ལག་བསྟར་སྲིད་ཇུས་ཁག་མྱུར་དུ་མཚམས་འཇོག་དགོས།

༢༽ ཞི་རྒོལ་བར་བཙན་དབང་གིས་དྲག་གནོན་དང་བཀག་བསྐྱིལ་བྱེད་ཐབས་ཀྱི་སྲིད་ཇུས་མེད་པར་བཟོ་དགོས།

༣༽ ཞི་རྒོལ་བ་གང་བྱུང་བཀག་ཉར་དང་མནར་གཅོད་གཏོང་མཁན་སྲིད་གཞུང་གི་དཔོན་རིགས་ཚོར་ཉེས་ཆད་འགེལ་དགོས།

༤༽ བཙན་དབང་འོག་གར་སོང་ཆ་མེད་དུ་འགྱུར་རིགས་འགོག་པའི་རྒྱལ་སྤྱིའི་སྤྱི་ཆིངས་དང་། སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས་གཉིས་ལ་ལག་བསྟར་ཆོག་མཆན་འགོད་དགོས།

༥༽ ཞི་བའི་འདུ་འཛོམ་དང་ཚོགས་འཛུགས་རང་དབང་གི་ཐོབ་ཐང་ཐད་ཀྱི་རྒྱལ་ཚོགས་ཀྱི་དམིགས་བསལ་སྙན་སྒྲོན་པ་གདད་ཞུ་ཞུས་ནས། ད་ལྟའི་བོད་ནང་གི་ཞི་བའི་འདུ་འཛོམ་རང་དབང་ཐོབ་ཐང་གི་དངོས་ཡོད་གནས་སྟངས་ལ་རྟོག་ཞིབ་རྒྱུས་ལོན་བྱེད་དུ་འཇུག་དགོས།

ཕྱི་ཟླ་༥ ཚེས་༣ ཉིན་ནས་འདི་ག་ལྟེ་གནས་ཁང་གིས་ཞི་རྒོལ་ཐོབ་ཐང་གི་ལས་འགུལ་འགོ་བཙུགས་ཏེ། བོད་མིའི་ཞི་རྒོལ་སྙིང་སྟོབས་དང་སེམས་ཤུགས་བཅས་མཚོན་པའི་བྱུང་རིམ་ལོ་རྒྱུས་འགྲེམ་སྤེལ་གྱིས། ད་ཆར་རྒྱ་གཞུང་གིས་ཏོག་དབྱིབས་ནད་དུག་གི་གོ་སྐབས་བེད་སྤྱད་ནས། བོད་ནང་དུ་ཞི་བའི་ཐོག་ནས་འདོད་མོས་མེད་པའི་རྣམ་འགྱུར་ཇི་འདྲ་ཞིག་བསྟན་ནའང་། དེ་ལ་ཚབས་ཆེའི་དྲག་གནོན་དང་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པ་སྦེད་ཐབས་ཀྱི་སྒྲིབ་གཡོག་བཤུས་ཏེ། བོད་མིའི་སྨྲ་བརྗོད་རང་དབང་གསལ་འདོན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།

འདི་ལོའི་ཕྱི་ཟླ་༡༢ ཚེས་༡༠ ཉིན་ཏེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོའི་བར་དུ། ཐེངས་འདིའི་ལས་འགུལ་བརྒྱུད་བོད་དོན་ལས་འགུལ་བ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གནང་མཁན་མི་སྣ་༣༠ ཡི་རེ་འདུན་དང་བློ་སྤོབས། ཞི་རྒོལ་བཅས་ཀྱི་གནས་ཚུལ་རིམ་པར་སྤེལ་འཆར་ཡོད།

Select Language