30/10/2020

ཏོག་དབྱིབས་རིམས་ནད་ཀྱིས་སྐྱེད་པའི་འཇིགས་སྣང་གི་སྐབས་འདིར། རྒྱ་རིགས་ལས་བཟོ་བ་དང་ལས་བྱེད་ཚོས་བོད་ཁུལ་དུ་མུ་མཐུད་ཆུ་རགས་འཛུགས་སྐྲུན་བྱེད་ཀྱི་འདུག

  •   
  •  
  •  
  •  
  •  
  •  
  •  
རྒྱ་ཚ་ཆུ་གློག་ས་ཚུགས།

རྒྱ་ནག་གཞུང་ཕྱོགས་ནས་རྒྱ་རིགས་ཨར་སྐྲུན་ལས་བཟོ་བ་དང་ལས་བྱེད་མང་པོ་རྒྱ་ཚ་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་བྱ་ཡུལ་དུ་འབྱོར་ཡོད་རབས་བསྒྲགས་འདུག་ལ། གློག་ཁང་དེ་ནི་རྒྱ་གཞུང་གི་ལོ་ལྔ་ཚན་བཅུ་གསུམ་པའི་གློག་ཤུགས་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་༼ ཕྱི་ལོ་༢༠༡༦ ནས་༢༠༢༠ བར།༽ཀྱི་གྲས་སུ་བཅུགས་ཡོད་པ་རེད། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་ཁོངས་ཀྱི་རྒྱ་ཚ་(Jiacha)ཆུ་ཤུགས་གློག་ཁང་ནི་ཡར་ཀླུང་གཙང་བོའི་ཆུ་གཞུང་དུ་འཛུགས་སྐྲུན་བྱས་པའི་གློག་ཁང་ཆེན་པོ་གསུམ་གྱི་གཅིག་ཡིན་པ་དང་། དེའི་གྲས་སུ་ཏ་གོ་(Dagu)དང་ཇེའི་ཞུ་(Jiexu)ཟེར་བའི་ཆུ་ཤུགས་གློག་ཁང་གཉིས་ཚུད་ཡོད་པ་དང་། ཆུ་ཤུགས་གློག་ཁང་འཛུགས་སྐྲུན་ལས་གཞི་དེ་ནི་ཕྱི་ལོ་༢༠༡༣ ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“ནུས་ཤུགས་ཐོན་ཁུངས་གསར་སྤེལ”གྱི་ཆ་ཤས་ཤིག་ཡིན་ལུགས་བསྒྲགས་ཡོད།

འདི་ལོའི་ཕྱི་ཟླ་༣ ཟླ་འགོར་ཏོག་དབྱིབས་རིམས་ནད་མཆེད་བཞིན་པའི་སྐབས་ཏེ། ཕྱི་ཟླ་༣ ཚེས་༡༩ ཉིན་ཀྲུང་གོའི་བོད་ལྗོངས་དྲ་བ་ཟེར་བའི་གནས་ཚུལ་ལྟར་ན། རྒྱ་ཚ་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་བྱེད་མཁན་རྒྱ་ནག་གཞུང་འབྲེལ་ཧྭ་ནེང་ཁེ་ལས་ཚོགས་པའི་(Huaneng Group Company)ཡན་ལག་ཡཱ་ཅེང་(Yajiang)ཁེ་ལས་ཁང་གིས། གློག་ཁང་འཛུགས་སྐྲུན་བྱ་ཡུལ་དུ་རྒྱ་རིགས་ཨར་སྐྲུན་ལས་བཟོ་བ་མི་གྲངས་༢༤ གྲུབ་པའི་རུ་ཁག་ཆེད་གཏོང་གིས། འཛུགས་སྐྲུན་ལས་གཞི་བསྐྱར་དུ་འགོ་བཙུག་ཡོད་པ་དང་། ཟླ་༣ ཚེས་༣ ཉིན་ཨར་སྐྲུན་བཟོ་ལས་རུ་ཁག་དེ་ཡུན་ནན་ཞིང་ཆེན་བརྒྱུད་ནས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་དུ་འབྱོར་བ་དང་། མཐར་ཕྱི་ཟླ་༣ ཚེས་༥ ཉིན་ལྷ་སར་སླེབས་ཡོད་འདུག

ཡཱ་ཅེང་ཟེར་བའི་ཁེ་ལས་ཁང་དེ་ནི་ཟི་ཁྲོན་ཞིང་ཆེན་དཀར་མཛེ་བོད་རིགས་རང་སྐྱོང་ཁུལ་ནང་ཡོད་པ་དང་། ཡུལ་དེའི་ཉག་ཆུ་རྫོང་དུ་ཡཱ་གིན་ཆུ་གློག་ས་ཚུགས་(Yagen Hydropower Station)དང་ལིང་གུ་ཆུ་གློག་ས་ཚུགས་(Lenggu Hydropower Station)ཟེར་བ་སོགས་འཛུགས་སྐྲུན་བྱས་ཡོད་པ་རེད།

ཕྱི་ཟླ་༢ ཚེས་༩ ཉིན་རྒྱ་རིགས་ཨར་སྐྲུན་ལས་བཟོ་བ་དང་ལས་བྱེད་མང་པོ་གནམ་གྲུར་བསྡད་ནས་བོད་ཁུལ་དུ་འབྱོར་བ་དང་། དེ་ནས་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་བྱ་ཡུལ་ཁག་ཏུ་ཕྱིན་འདུག

ཡུན་ནན་ཞིང་ཆེན་ཀུན་མེང་(Kunming)གྲོང་འཁྱེར་དང་ཟི་ཁྲོན་ཞིང་ཆེན་ལང་ཀྲོང་(Langzhong)གྲོང་ཁྱེར་ནས་ཡིན་པའི་རྒྱ་རིགས་ཨར་སྐྲུན་ལས་བཟོ་བ་དང་ལས་བྱེད་རུ་ཁག་གཅིག་མགྱོགས་ཚད་མཐོ་བའི་མེ་འཁོར་ལ་བསྡད་ནས་ཕྱི་ཟླ་༢ ཚེས་༣ ཉིན་རྒྱ་ཚ་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་བྱ་ཡུལ་དུ་འབྱོར་བ་དང་། གཞན་ཧྲན་ཞི་ཞིང་ཆེན་ཉེང་ཆིང་(Ningqiang)དང་སང་ཡུན་(Sanyuan)གཉིས་ནས་རྒྱ་རིགས་ལས་བཟོ་བ་དང་ལས་བྱེད་མང་པོ་ཞིག་མེ་འཁོར་ལ་བསྡད་ནས་ཕྱི་ཟླ་༢ བའི་ཚེས་༢༧ ཉིན་རྒྱ་ཚ་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་བྱ་ཡུལ་དུ་སླེབས་ཤིང་། ཕྱི་ཟླ་༢ ཚེས་༢༨ ཉིན་ཧྲན་ཞི་ཞིང་ཆེན་ཧན་ཀྲུང་(Hanzhong)དང་། ཟི་ཁྲོན་ཞིང་ཆེན་ཀུང་ཡུན་(Guangyuan)། མཚོ་སྔོན་ཞིང་ཆེན་ལི་ཏུས་(Ledu)བཅས་ནས་རྒྱ་རིགས་ཨར་སྐྲུན་ལས་བཟོ་བ་དང་ལས་བྱེད་མང་པོ་མེ་འཁོར་ལ་བསྡད་ནས་འབྱོར་འདུག

དེར་མ་ཟད། རྒྱ་ནག་ཧྥུ་ཧྲུན་(Fushun)གྲོང་ཁྱེར་ནས་ཡིན་པའི་རྒྱ་རིགས་ལས་བཟོ་བ་ཞིག་གིས་སྒེར་འཁོར་བཏང་ནས་ཕྱི་ཟླ་༣ པའི་ཚེས་༡ ཉིན་གོང་ཞུས་འཛུགས་སྐྲུན་བྱ་ཡུལ་དུ་འབྱོར་ཡོད་པ་དང་། ཀོས་ཀྲུག་ཞིང་ཆེན་པན་ཀྲུའུ་(Panzhou)ནས་རྒྱ་རིགས་ཨར་སྐྲུན་ལས་བཟོ་བ་མི་༩ དང་ཟི་ཁྲོན་ཞིང་ཆེན་ཨེ་མེ་(Emei)ནས་མི་༥ བཅས་ཀྱིས་སྒེར་འཁོར་བཏང་ནས་ཕྱི་ཚེས་༣ དང་༤ སྔ་ཕྱིར་རྒྱ་ཚ་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་བྱ་ཡུལ་དུ་སླེབས་ཡོད་པ་རེད།

ཏོག་དབྱིབས་རིམས་ནད་མཆེད་སྐབས། ཧ་ལམ་རྒྱ་རིགས་ཨར་སྐྲུན་ལས་བཟོ་བ་ཚང་མ་ཕྱིར་རྒྱ་ནང་དུ་ལོག་རྗེས། ཨར་ལས་འཛུགས་སྐྲུན་བྱ་ཡུལ་དུ་འཕྲལ་སེལ་ལས་བཟོ་བ་ས་གནས་བོད་མི་ཁ་ཤས་གླ་དངུལ་དམའ་པོའི་ཐོག་ནས་གླས་འདུག་ལ། དངོས་ཡོད་གནས་ཚུལ་དེ་དུས་ཡུན་ཟླ་༡ ཙམ་རིང་དེ་གར་ངལ་རྩོལ་བྱེད་མཁན་བཀྲ་ཤིས་དབང་འདུས་གྱིས་བདེན་དཔུང་ར་སྤྲད་གནང་ཡོད།

རྒྱ་ཚ་ཆུ་ཤུགས་གློག་ཁང་ལ་སྒྲིག་སྦྱོར་བྱས་པའི་འཕྲུལ་ཚན་༣ ཡོད་པ་དང་། ཆུ་གློག་གཏོང་ཚད་ཆན་ཝ་ཁྲི་༣༦ དང་ཁྱོན་མ་དངུལ་རྒྱ་སྒོར་དུང་ཕྱིར་༧༨.༣ བཏང་བ་དང་། ཕྱི་ལོ་༢༠༢༠ ཟླ་༦ ནང་གློག་ཁང་གི་འཕྲུལ་ཚན་དང་པོ་ནས་ཆུ་གློག་འཐོན་གཉེར་བྱ་འཆར་ཡོད་འདུག

རྒྱལ་སྤྱིའི་གཙང་བོ་སྲུང་སྐྱོབ་ཚོགས་པ་ལྟར་ན། རྒྱ་གཞུང་གི་ཆུ་གློག་འཐོན་གཉེར་ཁང་ཆེ་ཤོས་གཅིག་པུ་ཡིན་པའི་ཧྭ་ནེང་ཁེ་ལས་ཚོགས་པས་གཙང་ཆུའི་ཁོར་ཡུག་ལ་གནོད་སྐྱོན་བཟོས་ཡོད་པ་དང་། ཁེ་ལས་ཁང་དེས་གློག་ཤུགས་གྷེ་གྷ་ཝ་ཊི་༡༣༣ ནས་འཐོན་གཉེར་གློག་ཤུགས་ཀེ་ལོ་ཝ་ཊི་ཧོར་ཐེར་འབུམ་༥༣༧.༦ ཟིན་གྱི་ཡོད་ཅིང་། ཕྱི་ལོ་༢༠༠༦ ལོ་ནས་ཁེ་ལས་ཁང་དེས་ཡུན་གནས་རང་བཞིན་གྱི་ཡར་རྒྱས་འཛུགས་སྐྲུན་སྐོར་གྱི་ལོ་འཁོར་སྙན་ཐོ་འདོན་སྤེལ་བྱེད་ཀྱི་ཡོད་ནའང་། སྙན་ཐོའི་ནང”འབྲེལ་ཡོད་སྲིད་ཇུས་ཁག་དང་བརྗོད་དོན་ཁ་གསལ་ཅི་ཡང་མེད་པའི”སྐྱོན་བརྗོད་གནང་ཡོད།