08/08/2020

ཉེ་ཆར་གློད་གྲོལ་བྱུང་བའི་ཆབ་སྲིད་བཙོན་ཟུར་ཅིག་ལ་ནད་གཞི་སྣ་མང་བྱུང་ཞིང་། མུ་མཐུད་ལྟ་རྟོག་འོག་ནས་ཐོབ་ཐང་གང་མང་ཞིག་མེད་པའི་དཀའ་ངལ་འཕྲད་མུས་སུ་ཡོད་འདུག

  •   
  •  
  •  
  •  
  •  
  •  
  •  

 

0232cd4e-2bc1-485f-81ee-f22e40bc7b12

ལོ་ལྔའི་བཙོན་འཇུག་དུས་ཡུན་རྫོགས་ནས་ཉེ་ལམ་གློད་གྲོལ་བྱུང་བའི་གྲགས་ཆེན་ཆབ་སྲིད་བཙོན་ཟུར་འཇིགས་མེད་རྒྱ་མཚོའམ། ཡོངས་གྲགས་སུ་ཨ་ཁུ་འཇིགས་མེད་མགོ་རིལ་ལ་ནད་གཞི་སྣ་མང་ཞིག་བྱུང་ནས་ད་ལྟའི་ཆར་ཀན་སུའུ་ཁུལ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་གི་སྨན་ཁང་ཞིག་ཏུ་བསྡད་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༢༦ཉིན། བསང་ཆུ་རྫོང་གི་སྨན་པས་ལམ་སྟོན་བྱས་པ་བཞིན། འཇིགས་མེད་རྒྱ་མཚོ་སྨན་ཁང་དུ་དངོས་སུ་འདུག་འགོ་ཚུགས་ནས་མུ་མཐུད་ནད་གཞི་བརྟག་དཔྱད་བྱ་རྒྱུ་རེད་འདུག

ཉེ་ལམ་༢༠༡༦/༡༡/༡༡ཉིན་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གྱི་ལན་ཀྲུའུ་ཞེས་པའི་གྲོང་ཁྱེར་གྱི་སྨན་ཁང་དུ་བརྟག་དཔྱད་བྱེད་དུ་ཕྱིན་ཡོད་པ་དང་།  དེ་གའི་བརྟག་དཔྱད་ཁང་ནས་ནད་བརྟག་བྱུང་འབྲས་སུ།  ཁོང་ལ་ཟ་ཁུ་གཅིན་སྙི་དང་། སྙིང་ནད། མཆིན་ནད། ཁྲག་ཤེད་མཐོ་བ། མིག་ནད་བཅས་ན་ཚ་ཁག་ཅིག་ངོས་འཛིན་བྱས་འདུག

ཡང་སྨན་ཁང་གི་ཉལ་ཁྲིའི་སྟེང་དུ་ཡོད་པའི་ཨ་ཁུ་འཇིགས་མེད་ཀྱི་ཉེ་ལམ་གྱི་པར་ཅིག་གི་ནང་དུ། ཨ་ཁུ་འཇིགས་མེད་ཁོང་གི་མིག་ནང་ཁྲག་བབས་ཏེ་དམར་པོ་གྱུར་ཡོད་པ་མཐོང་ཐུབ་ལ།  ཁོང་གི་མགོ་ན་བ་སོགས་ད་ལྟའི་གཟིགས་གཞི་མུ་མཐུད་བདེ་མིན་གྱི་དབང་གིས། ཟླ་འདིའི་ཕྱི་ཚེས་༢༦ཉིན།   བླ་བྲང་བསང་ཆུ་རྫོང་མི་དམངས་སྨན་ཁང་དུ་བརྟག་དཔྱད་ཅིག་བྱས་པས།  སྨན་ཁང་གིས་ན་ཚ་ཚབས་ཆེན་ཡིན་པས་ངེས་པར་སྨན་ཁང་ནང་འདུག་དགོས་ཚུལ་བཤད་པ་ལྟར་ད་ལྟ་རྫོང་སྨན་ཁང་ནང་དུ་དངོས་སུ་འདུག་མུས་སུ་ཡོད་འདུག

ཨ་ཁུ་འཇིགས་མེད་སྔ་ཕྱི་ཐེངས་བཞི་ལ་ས་གནས་མ་འདྲ་བ་ནས་འཇུ་བཟུང་བཀག་ཉར་གྱིས་འདྲི་བརྩད་དང་མནར་གཅོད་མྱངས་ཡོད་པའི་ཐད་དུ།  ཁོང་གིས་བཤད་པའི་སྐད་ཆ་གྲགས་ཅན་ཅིག་ནི་”ང་རང་ཟླ་ངོ་གཅིག་ལ་བཀག་ཉར་བྱས་ཤིང་་། དེའི་རིང་གི་ཉིན་མཚན་མང་བོ་ལ་ལག་ལྕགས་རྒྱབ་ནས་བཞག་པ་མ་ཟད། འདྲི་བརྩད་ཀྱི་སྐབས་སུ།  ང་ལ་ཕྱི་ཕྱོགས་ཀྱི་༧གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེ། ཨ་ཀྱ་རིན་པོ་ཆེ་སོགས་ལ་འབྲེལ་བ་ཡོད་རབས་ཀྱི་ཉེས་འཛུགས་བྱས་ནས། ངའི་ལག་པ་གཉིས་ལ་ཐག་པས་བལྟམས་ནས་ཆུ་ཚོད་མང་བོའི་རིང་གནམ་འདེགས་བརྒྱབ་ཐོག  མགོ་དང་ངོ། རྒྱབ་མདུན་གང་སར་ཤེད་ཤུགས་ཆེན་པོས་རྡུང་རྡེག་བཏང་མཐར།  ང་རང་དྲན་པ་བསྐྱལ་ནས་སྨན་ཁང་དུ་བསྐྱལ་འདུག སྨན་ཁང་ནས་དྲན་པ་སོས་རྗེས། སླར་ཡང་འདྲི་བརྩད་ཁང་དུ་འཁྲིད་ནས་སྔར་བཞིན་གནམ་འདེགས་རྒྱབ་པ་དང་དྲག་རྡུང་བྱས་པའི་སྒོ་ནས་འདྲི་བརྩད་བྱས།  ཐེངས་གཉིས་པའི་འདྲི་བརྩད་པའི་སྐབས་སུ། ཉིན་གཉིས་རིང་ཆུ་དང་ཟས་གང་ཡང་མ་སྤྲད་པར་ལྟོགས་སྐོམ་མྱངས་སུ་བཅུགས་པས། སླར་ཡང་དྲན་པ་བསྐྱལ་འདུག  ཐེངས་གཉིས་པར་དྲན་པ་བརྒྱལ་་པའི་དུས་ཡུན་ཉིན་ ༦ དང་། དེའི་རིང་སྨན་ཁང་ནས་དྲན་པ་འཐོར་ནི་འདུག་རྒྱུ་ལས། སྐད་ཆ་བཤད་མི་ཐུབ་ཅིང་མིག་ཀྱང་གདངས་མི་ཐུབ་པར། མགོ་ན་བ་དང་བྲང་ཀ་གཟེར་ནས་འདུག་གི ”

ཕྱི་ལོ༢༠༡༡/༨/༢༠ ཉིན་འཛིན་བཟུང་བྱས་ནས་ཟླ་གཉིས་ཀྱི་མཚམས་སུ་གཟུགས་གཞི་མི་བདེ་བའི་གནས་སྟངས་འོག་གོང་རིམ་ལ་ཡང་ཡང་སྨན་པར་བསྟེན་དགོས་པའི་རེ་སྐུལ་བྱས་ཀྱང་། ཟླ་བཞིའི་རྗེས་ནས་མ་གཏོགས་བརྟག་དཔྱད་གང་ཡང་མ་བྱས་པར་དེ་མུར་བཞག  རྗེས་སུ་བཙོན་པའི་སྨན་ཁང་ནས་བརྟག་དཔྱད་ཅིག་བྱས་པར་ན་ཚ་གཙོ་བོ་གཅིན་སྙི་ཡིན་པར་ངོས་འཛིན་གྱིས་བཙོན་པའི་སྨན་ཁང་ནང་ཟུར་འཇོག་བྱས་ཡོད་པ་རེད།

ཕྱི་ལོ་༢༠༡༦ཟླ་༡༠ཚེས་༢༦ཉིན་ཁོང་གློད་གྲོལ་བྱུང་བ་ནས། ཁོང་དེ་མུར་ས་གནས་ཀྱི་སྤྱི་བདེ་མི་སྣས་ལྟ་རྟོག་བྱེད་འགོ་ཚུགས་པ་ལས། ཁོང་སྔར་བཞིན་གྲྭ་ཆས་གོན་ནས་བླ་བྲང་དགོན་པའི་ཆོས་རྭར་འགྲོ་རུ་བཅུག་མི་འདུག  ཡང་བཙོན་ནས་གློད་ཁར་བཙོན་ཁང་གི་འབྲེལ་ཡོད་འགོ་བྱེད་ནས་འཇིགས་མེད་རྒྱ་མཚོ་ཡི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་དང་གློག་ཀླད། ཡིག་ཆ་དང་དངུལ་ཁུག་སོགས་ཕྱིར་སློག་མ་བྱས་པས། ཁོང་གིས་དེ་དག་ཚུར་སློག་ཡོང་བའི་རེ་བསྐུལ་ཐེངས་མ་གསུམ་ལ་ཞུས་ཀྱང་ཡ་ལན་བྱེད་མཁན་བྱུང་མི་འདུག ཡུལ་མི་ཐོབ་ཐང་ལག་ཁྱེར་ཅེས་པ་མེད་ཚེ།      ཡར་མར་འགྲོ་བསྐྱོད་ལ་བཀག་སྡོམ་ཤུགས་ཆེར་བྱས་ཀྱི་ཡོད་ཙང་། ད་ལྟའི་ཆར་ཁོང་རང་སྒེར་གཉེར་སྨན་ཁང་གྲགས་ཅན་ཞིག་ཏུ་བསྟེན་གཏུགས་བྱ་འདོད་ཀྱང་བྱ་ཐབས་མེད་པར་ལྷག་འདུག་ཐོག  ས་གནས་སྲིད་གཞུང་གིས་བཙན་ཤེད་ཀྱིས་སྒོ་ནས་ནད་མནར་གྱི་དགེ་འདུན་པ་ཁོང་གཞུང་གི་སྨན་ཁང་ཞིག་གི་བསྟེན་གཏུགས་ཆོག་པའི་ཡིག་ཆ་བཟོ་རུ་བཅུག་པ་ནི།  ཕྱོགས་གཅིག་ནས་སྲིད་གཞུང་གིས་ངོས་ནས་དགེ་འདུན་པ་ཁོང་ལ་མུ་མཐུད་ལྟ་རྟོག་དང་དོ་དམ་བྱེད་བདེ་ཆེད་ཡིན་འདུག

དགེ་འདུན་པ་འཇིགས་མེད་རྒྱ་མཚོ་ཡི་སྟེང་དུ་མུ་མཐུད་ལྟ་རྟོག་ནན་པོ་བྱེད་བཞིན་པའི་གནས་སྟངས་འདི་ནི།    རྒྱ་གཞུང་གི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་བཟོས་པ་ཞེས་པའི་ཉེས་འཛུགས་ཀྱི་སྐབས་སུ་ཆབ་སྲིད་ཀྱི་ཐོབ་ཐོང་འཕྲོག་སྟངས་ཤིག་ཡིན་ལ།  ཡང་རྒྱ་གཞུང་གི་ཉེས་ཁྲིམས་ལྟར་ན།  མི་གང་རུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་བཟོས་པ་ཞེས་པའི་ཉེས་འཛུགས་དང་བསྟུན་ནས་བཙོན་འཇུག་ཁྲིམས་ཐག་གི་སྟེང་དུ་ཆབ་སྲིད་ཀྱི་ཐོབ་ཐབ་ལོ་༡་ནས་༥བར་འཕྲོག་གི་ཡོད།   དགེ་འདུན་པ་འཇིགས་མེད་རྒྱ་མཚོ་ལའང༼་རྒྱལ་ཁབ་ཁ་བྲལ་གྱི་ལས་འགུལ་སྤེལ་པ༽ཞེས་པའི་ཉེས་འཛུགས་བྱས་ཡོད་པས། ཁོང་ལ་ད་ལྟའི་ཆར་མུ་མཐུད་ལྟ་རྟོག་དོ་ནན་བྱེད་ཀྱིན་འདི་ནི་ཆབ་སྲིད་ཐོབ་ཐང་འཕྲོག་པའི་གནས་སྐབས་ཀྱི་བྱེད་སྟངས་ཤིག་ཆགས་ཡོད་ཀྱང་། ཁོང་ལ་ཁྲིམས་ཐག་བཅད་པའི་ཡིག་ཆ་ད་ལྟའི་ཆར་ལག་སོན་མ་བྱུང་བས་གསལ་བོ་ར་སྤྲོད་བྱ་རྒྱུ་དཀའ་ཡང་། ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་པ་ཞེས་པ་ནི་མི་ཞིག་བཙོན་གྲོལ་བྱུང་བའི་ཕྱི་ཉིན་ནས་ལག་བསྟར་བྱ་རྒྱུ་ཞིག་ཡིན་འདུག

རྒྱ་གཞུང་གིས་<<ཉེས་ཁྲིམས་>>ཀྱི་དོན་ཚན་༥༤ནས་༥༨བར་གསལ་བའི་གང་ཟག་ཅིག་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་པ་ཞེས་པ་ནི། གང་ཟག་དེའི་སྨྲ་བརྗོད་རང་དབང་དང་།    པར་སྐྲུན་རང་དབང་། འདུ་འཛོམས་རང་དབང་། ཚོགས་པ་འཛུགས་པའི་རང་དབང་། ངོ་རྒོལ་ཁྲོམ་སྐོར་གྱི་རང་དབང་སོགས་མེད་པ་ཞིག་ལ་ཟེར་བ་མ་ཟད།  ཉེན་རྟོག་པས་ཆབ་སྲིད་དོགས་ཡོད་མི་སྣར་ལྟ་རྟོག་དོ་དམ་བྱེད་སྟངས་ཀྱི་སྒྲིག་གཞི་ལྟར་ན། ས་གནས་སྤྱི་བདེ་མི་སྣས་དུས་རྒྱུན་ལྟ་རྟོག་དགོས་པ་གསལ་ཡོད།

དེ་ལྟ་བུའི་ལྟ་རྟོག་འོག་ཏུ་ཡོད་པའི་གང་ཟག་དེ་ཉིད་ཡར་མར་གང་དུ་སོང་ཡང་།  ཐོན་ཁར་ས་གནས་སྤྱི་བདེ་ལས་ཁུངས་སུ་ཡང་ཡང་ཡར་ཞུ་བྱ་དགོས་པ་མ་ཟད།  རང་ཉིད་འདུག་སའི་ས་ཁུལ་ནས་ས་ཁུལ་གཞན་གང་དུ་སོང་ཡང་འགྲོ་ཆོག་པའི་ཆོག་མཆན་ཡང་ཞུས་དགོས་ཡོད་འདུག  དེ་བས།  “རྒྱལ་ཁབ་ཕྱི་ནང་གང་གི་ཡིན་ཡང་རུང་། བཅར་འདྲི་དང་ལེན་བྱ་མི་ཆོག་ཅིང་། སོ་སོའི་བསམ་ཚུལ་དང་སྐད་ཆ་སོགས་དེབ་ལ་འཁོད་པའམ་དྲ་རྒྱར་བཀོད་པ། སྒྲ་འཇུག་རིགས་མི་ཆོག་པར།དེ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བརྟན་ལྷིང་ལ་ཉེན་འཚབ་ཡོད་པར་བཤད་ཀྱི་ཡོད། ”

འདི་ག་ལྟེ་གནས་ཁང་གིས་ངོས་ནས་རྒྱ་གཞུང་ལ།  འཇིགས་མེད་རྒྱ་མཚོ་ཡི་གཞི་རྩའི་ཐོབ་ཐང་ཁག་ལ་བརྩི་སྲུང་གིས། ཁོང་གི་ཕྱི་ཕྱོགས་ནས་སྨན་བཅོས་ཀྱི་བྱ་འདོད་ལྟར་བྱེད་དུ་འཇུག་དགོས་པའི་འབོད་བསྐུལ་ཞུ་ཡི་ཡོད་ལ། རྒྱ་གཞུང་རང་གི་ཁྲིམས་སྒྲིག་གང་གི་ནང་དུའང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་བཟོས་པ་ཞེས་པའི་ཉེས་འཛུགས་ཐེབས་མཁན་ཚོ་ཡི<་ཡུལ་མི་ཐོབ་ཐང་ལག་ཁྱེར་>འཕྲོག་དགོས་པའི་སྐད་ཆ་མེད་པས།   འཇིགས་མེད་རྒྱ་མཚོ་ཡི་སྟེང་དུ་སྔ་ཕྱི་ཅི་ཞིག་བྱས་པ་ཐམས་ཅད་ནི་གང་བྱུང་འཇུ་བཟུང་དང་ཁྲིམས་འགལ་ཞིག་ཆགས་ཡོད་པ་གསལ་འདོན་བྱས་ཡོད།

” དུས་རྒྱུན་ས་གནས་སྲིད་གཞུང་གི་སྤྱི་བདེ་མི་སྣས་ཚད་ལས་བརྒལ་བའི་དབང་ཆ་བེད་སྤྱོད་ཀྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་བཟོས་པ་ཞེས་པའི་ཁྲིམས་ཆད་ཁུར་བའི་མི་ཚོའི་ཆབ་སྲིད་ཐོབ་ཐང་འཕྲོག་ནས་ལྟ་རྟོག་ནན་ཏན་བྱེད་རྒྱུ་ཡོད།   འཇིགས་མེད་རྒྱ་མཚོ་ཡི་དོན་རྐྱེན་ཡང་དེ་ལས་མ་མ་འདས་པར།  ཁོང་ཁུངས་གཏོགས་དགོན་པར་འགྲོ་རུ་མ་བཅུག་པ་དང་། མུ་མཐུད་བསླབ་པ་སློབ་གཉེར་བྱེད་དུ་མ་བཅུག་པ། མ་ཟད། ཁོང་གི་ཡུལ་མི་ཐོབ་ཐང་འཕྲོག་ནས་ཚུར་མི་སློག་འདི་ནི། གཞུང་གི་སྨན་ཁང་མ་གཏོགས་གཞན་ཞིག་ནས་སྨན་བཅོས་བྱ་རྒྱུ་མི་སྲིད་པ་ལྟ་བུ་ཆགས་ཡོད། “ཅེས་འདི་ག་ལྟེ་གནས་ཁང་གི་བོད་ཡིག་སྟེང་ཉམས་ཞིབ་པ་པདྨ་ཆོས་སྒྲོན་གྱིས་བཤད།