14/04/2021

ཉིན་གྲངས་༡༦ རིང་བོད་མིའི་སྤྱི་ཚོགས་ནང་ཕོ་མོ་དབྱེ་འབྱེད་གཞིར་བྱས་ཀྱི་དྲག་སྤྱོད་འགོག་ཐབས་ལས་འགུལ།

  •   
  •  
  •  
  •  
  •  
  •  
  •  

ཕྱི་ཟླ་༩ ཚེས་༣༠ ཉིན་བོད་ནང་གི་སྤྱི་ཚོགས་བརྒྱུད་ལམ་དུ་དགའ་མོས་ཡི་རངས་ཞུ་ས་བྱིས་པ་གཉིས་ཀྱི་མ་ཡུམ་ཡིན་པའི་ལྷ་མོ་གཉེན་ཐོར་ཟིན་པའི་ཁྱོ་གའི་ལག་ནས་རྐྱེན་ལམ་དུ་ཤོར་བ་དང་། མོ་དམར་གསོད་གཏོང་དོན་མོས་རང་ཉིད་ལ་མནར་གཅོད་གཏོང་མཁན་ཁྱོ་གར་སླར་ཡང་འགྲིག་མཐུན་མ་གནང་བའི་རྐྱེན་གྱིས་རེད། རང་ལོ་༣༠ ཡིན་པའི་ལྷ་མོ་རང་ཁྱིམ་དུ་ཐད་གཏོང་བྱེད་བཞིན་པའི་སྐབས་སུ་གཉེན་ཐོར་ཟིན་པའི་ཁྱོ་གས་མོར་གྲིས་ལན་མང་བསྣུན་རྗེས་གསོན་སྲེག་བཏང་བ་རེད། རྒྱ་ནག་གི་བརྙན་ཐུང་བརྒྱུད་ལམ་(Douyin)སྟེང་དུ་ལྷ་མོར་ཐེབས་པའི་འཇིགས་རུང་གི་འཚེ་བ་དེས་དྲ་ཞུགས་མི་མང་ལ་དོ་ཕོག་བཟོས་ཤིང་། ཁོང་ཚོས་ཉེས་ཅན་པར་སྐྱོན་བརྗོད་དང་། རྒྱ་གཞུང་གི་འབྲེལ་ཡོད་དབང་འཛིན་པས་ཁྱིམ་ཚང་ནང་གི་དྲག་སྤྱོད་རིགས་འཐུས་ཤོར་བཏང་བའི་འགན་འཁུར་དགོས་པའི་དགོས་འདུན་བཏོན་ཡོད་པ་དང་། རྒྱ་གཞུང་གི་བརྒྱུད་ལམ་ཞིབ་བཤེར་ལ་མ་བལྟོས་པར། ཁྱིམ་ཚང་ནང་གི་དྲག་སྤྱོད་ཀྱི་འཚེ་བ་མྱོང་མཁན་ལ་རོགས་སྐྱོར་གྱི་ཁྲིམས་སྒྲིག་ལེགས་བཅོས་གཏོང་དགོས་འབོད་སྐུལ་ཤུགས་ཆེན་བྱུང་བ་རེད། ཕྱི་ལོ་༢༠༡༦ ལོར“ཁྱིམ་ཚང་ནང་གི་དྲག་སྤྱོད་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས”ཟེར་བ་གཏན་འབེབ་བྱས་ཡོད་ནའང་། ལྷ་མོ་རྐྱེན་ལམ་དུ་བཏང་བ་དེས། རྒྱ་གཞུང་གིས་ཕོ་མོ་དབྱེ་འབྱེད་གཞིར་བྱས་ཀྱི་དྲག་སྤྱད་རིགས་སྣང་མེད་ལང་ཤོར་བཏང་བ་གསལ་སྟོན་བྱས་ཡོད།
རྒྱ་ནག་ནང་ད་དུང་ཡང་ཁྱིམ་ཚང་ནང་གི་དྲག་སྤྱོད་རིགས་ཧ་ཅང་ཁྱབ་ཆེའི་དཀག་ཁག་ཆགས་ཡོད་པ་དང་། སྤྱི་ཚོགས་ནང་དཀའ་ཁག་དེའི་གོ་རྟོགས་མེད་པ་ཁྱབ་ཆེ་ཞིང་། སྲིད་གཞུང་གི་ལག་བསྟར་ཁྲིམས་སྒྲིག་ནང་དཀའ་ཁག་དེ་ནི“ཁྱིམ་ཚང་སྒེར་བའི་གནད་དོན”འབའ་ཞིག་ཡིན་པའི་ལྟ་སྟངས་བཟུང་སྟེ་མི་སྤྱོད་ལས་འདས་པའི་ནག་ཉེས་དེའི་རིགས་སྣང་མེད་རྒྱ་ཡན་དུ་གཏོང་བ་རེད། རྒྱལ་ཚོགས་ཀྱི་ཁྱིམ་ཚང་ནང་གི་དྲག་སྤྱོད་འགོག་ཐབས་ཐད་ཀྱི་འབྲེལ་མཐུད་པ་རྒྱ་ནག་གི་གྲོང་ཁྱེར་པེ་ཅིན་ནང་རྟེན་གཞི་བྱས་པའི་བུད་མེད་ཀྱི་ཐོབ་ཐང་ཚོགས་པའི་ལྕམ་ཝེ་ཕེན་(Weiping)གྱིས་ཕྱི་ལོ་༡༠༡༦ ནས་༢༠༡༩ བར་ཁྱིམ་ཚང་ནང་གི་དྲག་སྤྱོད་ཀྱི་གནད་དོན་༩༤༢ བྱུང་བའི་ཁྲོད་དུ་རྐྱེན་འདས་སུ་གྱུར་བ་༡༢༡༤ དང་། དེའི་གྲས་སུ་སྐྱེས་མ་བརྒྱ་ཆ་༧༦ དང་ལོ་ཆུང་བུ་མོ་བརྒྱ་ཆ་༧ ཟིན་པའི་གནས་ཚུལ་བཏོན་ཡོད་པ་རེད།
ཕོ་མོ་དབྱེ་འབྱེད་གཞིར་བྱས་དྲག་སྤྱོད་ཀྱི་ནག་ཉེས་འདིའི་རིགས་ནི་བོད་ཕྱི་ནང་གི་སྤྱི་ཚོགས་ཚུད་པའི་སྤྱི་ཚོགས་ཁག་ཚང་མའི་ནང་འབྱུང་མུས་ཡིན་པ་དང་། དེ་ནི་འགྲོ་བ་མིའི་རིགས་ཀྱི་དཀའ་ཁག་ཆགས་ཡོད། ཕོ་མོ་དབྱེ་འབྱེད་གཞིར་བྱས་ཀྱི་ནག་ཉེས་སྔོན་འགོག་དང་གཏན་འགོག་ཡོང་ཐབས་སུ། འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས། ཕྱི་ཟླ་༡༡ པའི་ཚེ་༢༥ ཉིན་སྟེ་རྒྱལ་སྤྱིའི་བུད་མེད་ལ་འཚེ་བ་གཏན་འགོག་ཉིན་མོ་སྲུང་བརྩེ་དང་བསྟུན་ནས། ཕོ་མོ་དབྱེ་འབྱེད་གཞིར་བྱས་ཀྱི་དྲག་སྤྱོད་འགོག་ཐབས་རྒྱལ་སྤྱིའི་སྤྱི་ཚོགས་ལས་འགུལ་ནང་མཉམ་ཞུགས་ཀྱིས། ཕྱི་ཟླ་༡༢ བའི་ཚེས་པའི་༡༠ ཉིན་སྟེ་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་ལས་འགུལ་མཇུག་བསྡུ་འཆར་ཡོད།
འདི་ག་ལྟེ་གནས་ཁང་ནས་ལས་འགུལ་དེ་བཞིན་བོད་མིའི་སྤྱི་ཚོགས་ནང་ཕོ་མོ་དབྱེ་འབྱེད་གཞིར་བྱས་ཀྱི་དྲག་སྤྱོག་ཐོག་དྲ་ལམ་དཔྱད་གླེང་བརྙན་ཐུང་འགྲེམ་སྤེལ་གྱིས་འགོ་འཛུགས་རྒྱུ་དང་། དཔྱད་གླེང་ནང་ཕོ་མོ་དབྱེ་འབྱེད་གཞིར་བྱས་ཀྱི་དྲག་སྤྱོད་དང་བུད་མེད་ཀྱི་ཐོབ་ཐང་ལས་འགུལ་ཐད་ཀྱི་ཆེད་མཁས་དང་འགོ་ཁྲིད། ལས་འགུལ་བ་མང་པོ་མཉམ་ཞུགས་གནང་ཡོད། ཕོ་མོ་འདྲ་མཉམ་ཐད་ཀྱི་ཆེད་མཁས་པ་དང་ལས་འགུལ་བ་བདེ་ཆེན་ཚེ་རིང་ནས། ཕོ་མོ་དབྱེ་འབྱེད་གཞིར་བྱས་ཀྱི་དྲག་སྤྱོད་རིགས་ལ་ཞེ་ཁྲོ་བ་ཙམ་གྱིས་རྔོ་མི་ཐོགས་པར་གོང་འོག་ཚང་མས་དེ་འབྲེལ་གྱི་སྲིད་ཇུས་གཏན་འབེབ་དང་ལག་བསྟར་གནང་དགོས་པ་གསུང་དོན། “ང་ཚོའི་སྤྱི་ཚོགས་ཀྱི་སྣེ་འཁྲིད་མཁན་མང་པོ་ཞིག་དངོས་གནས་སྲིད་སྤྱིའི་འོས་མིར་ལང་འདོད་ཚེ། ང་ཚོའི་སྤྱི་ཚོགས་ཁྲོད་ཕོ་མོ་དབྱེ་འབྱེད་གཞིར་བྱས་ཀྱི་དྲག་སྤྱོད་ཀྱི་གནད་དོན་འདིའི་རིགས་ཅིས་ཀྱང་གླེང་དགོས་པར་འདོད།” ཅེས་དང་། ཡང་མོས་སྤྱི་ཚོགས་བརྒྱུད་ལམ་ཁག་ཅིག་གི་ནང་བཙན་བྱོལ་གྱི་སྲིད་སྤྱིའི་འོས་མིར་ལང་མཁན་གཞོན་སྐྱེས་བུད་མེད་ཚོར་མགོ་སྟོང་ཀླད་མེད་ཟེར་བ་དང་། འོས་མི་ཚ་བོ་ཚ་བོ་འདེམ་དགོས་ཟེར་བའི་དངོས་ཡོད་སྣང་ཚུལ་རིགས་ལུང་འདྲེན་གནང་ཡོད།
རྒྱ་རིགས་སྐྱེས་མའི་ཐོབ་ཐང་དོན་གཉེར་ལས་འགུལ་གྱི་སྣེ་འཁྲིད་དང་བསམ་བློའི་དབུ་འཁྲིད་མཁན་ལུའུ་པེན་གྱིས། རྒྱ་གཞུང་གི་སྲིད་དབང་གཅིག་སྡུད་སྒེར་གཅོད་ལ་གདོང་ལེན་དང་། ཕོ་མོ་དབྱེ་འབྱེད་གཞིར་བྱས་ཀྱི་དྲག་སྤྱོད་རིགས་རང་དབང་གི་ཐོག་ནས་ཐེར་འདོན་ཐུབ་པའི་སྤྱི་ཚོགས་སྐྲུན་ཐབས་དང་། དེའི་འགོག་རྐྱེན་ལ་འཐབ་རྩོད་དང་རྒྱལ་ཁ་སོགས་ཀྱི་མྱོང་བ་བརྗེ་རེས་གནང་བ་དང་། ལྷ་མོ་དམར་གསོད་བཏང་བའི་ཐད་ནས། ལུའུ་པེན་གྱིས། “གནད་དོན་འདིའི་ཐད་ནས་སྲིད་གཞུང་གིས་ང་ཚོའི་རེ་སྐུལ་དང་དགོས་འདུན་ཇི་བཞིན་བསྒྲུབས་མེད་པས། གཞུང་གིས་འགན་འཁྲི་སྣང་མེད་བཏང་བ་དེས། བུད་མེད་ལ་རྒོལ་བའི་དྲག་སྤྱོད་སྣང་མེད་ལ་བཏང་བ་གསལ་སྟོན་གྱི་ཡོད་པ་དང་། དྲག་སྤྱོད་སྣང་མེད་ལ་གཏོང་བ་ནི། སྲིད་གཞུང་གིས་ཐད་ཀར་བུད་མེད་ལ་དྲག་སྤྱོད་སྤེལ་བ་དང་གཅིག་པ་རེད། ང་ཚོས་ཤེས་གསལ་ལྟར། དྲག་སྤྱོད་སྣང་མེད་ལང་ཤོར་དུ་གཏོང་བ་ནི་ཚབས་ཆེའི་དཀག་ཁག་ཡིན་ནའང་། དཀའ་ཁག་དེ་གླེང་ཕོད་མཁན་སུ་ཡང་མེད་པས། མི་ཚང་མས་གླང་ཆེན་ཁྱིམ་དུ་ཡོད་པ་ཤེས་བཞིན་དུ་ད་དུང་མ་མཐོང་ཁུལ་གྱིས་ཁུ་སིམ་མེར་བསྡད་སོང་བ་རེད།” ཅེས་གསུང་ཡོད།
ཨོ་ཁི་སི་ཧྥོར་ཌི་གཙུག་ལག་སློབ་ཆེན་གྱི་རྒྱ་ནག་ཞིབ་འཇུག་ཚན་པའི་དགེ་རྒན་ཆེན་མོ་ཧམ་ས་ར་རྗན་གྱིས་དཔྱད་གླེང་སྐབས་སུ་ཕོ་མོ་དབྱེ་འབྱེད་གཞིར་བྱས་ཀྱི་དྲག་སྤྱོད་གཅིག་པུ་ཙམ་མིན་པར། གཞོན་སྐྱེས་བུད་མེད་ཚོར་དེ་འབྲེལ་གྱི་སྤྱི་ཚོགས་སྒྲིག་སྲོལ་དང་རིག་གནས་གྱི་ཤན་ཤུགས་ཁྱབ་ཆེར་ཐེབས་སྐོར་གསུང་དོན། “གནས་སྟངས་དེ་འདྲའི་འོག་ནས་ན་ཆུང་བུད་མེད་ཚོར་རང་དབང་གི་བསམ་གཞིག་དང་རང་ཐག་རང་གཅོད་པ་ལ་སོགས་པའི་བདེ་འཇགས་མེད་པ་དང་། བློ་སྤོབས་མེད་པ། སྤྱི་ཚོགས་ཀྱི་རམ་འདེགས་ཅི་གང་མེད་པ་རེད།”
ཁྱིམ་ཚང་ནང་གི་དྲག་སྤྱོད་འགོག་ཐབས་སྐོར་གྱི་སློབ་སྟོན་པ་དང་། དེ་འབྲེལ་གྱི་ཟབ་སྦྱོང་སྤྲོད་མཁན་བཟང་མོ་ཐར་གྱིས། སྐྱེས་མ་ཚོས་སྐྱེ་བ་ཕྱི་མར་ཕོ་ལུས་ལེན་པར་སྨོན་ལམ་འདེབས་པའི་དངོས་ཡོད་གནས་སྟངས་སྐོར་གསུང་དོན། “ཁོང་ཚོས་དངོས་གནས་སྐྱེ་བ་མོ་ལས་སྐྱེ་བ་ཕོ་རྩ་ཆེར་བརྩི་བ་དང་། ང་ཚོ་བུད་མེད་ཚོ་གཞན་མིའམ་ཡུལ་མི་གཉིས་པ་ལྟ་བུ་བཟོ་ཡི་ཡོད་པ་རེད། དེ་བས་གནས་ཚུལ་འདི་འདྲ་ཐོས་པ་དེས་ང་ཚོའི་འཕྲོད་བསྟེན་བདེ་ཐང་ལ་གནོད་པ་རེད། ཡུལ་སྲོལ་རིག་གནས་རྙིང་བའི་ཡིད་ཆེས་འདི་དང་ལག་ལེན་འདི་དག་ཚང་མ་དགོས་མེད་ཀྱི་ནོར་འཁྲུལ་རང་རེད། ངས་ལྟ་ཚུལ་འདི་དག་ལ་སྤྱི་ཚོགས་ཀྱིས་བཟོས་པའི་རིག་གནས་དང་སྐྱེས་པས་བཟོས་པའི་རིག་གནས་ཞེས་བཤད་ཀྱི་ཡོད། དེ་མིན་བུད་མེད་ཀྱིས་རང་ཉིད་ལ་འདི་ལྟ་བུའི་རིག་གནས་ཤིག་བསྐྲུན་སྲིད་པ་མ་རེད་སྙམ།”
གནས་ཡུལ་རྒྱ་གར་གྱི་ཧི་མ་ལ་ཡ་དང་བོད་མིའི་སྤྱི་ཚོགས་ཁག་ནང་ཕོ་འདྲ་མཉམ་ཡོང་ཐབས་ཐོག་ཕྱག་ལས་གནང་མཁན་གྲོགས་མོ་ཚོགས་པ་འཛུགས་མཁན་དང་ཕོ་མོ་འདྲ་མཉམ་དོན་གཉེར་གནང་མཁན་བསྟན་འཛིན་དཔལ་ཡོན་གྱིས། ལྷ་མོ་གྲོངས་རྐྱེན་ཐད་ལྟ་ཚུལ་བརྗོད་སྐབས། “ནག་ཉེས་འདིས་བོད་ནང་དུ་ཁྱིམ་ཚང་ནང་གི་དྲག་སྤྱོད་ཀྱི་འཚེ་བ་མྱོང་མཁན་ཚོར་ཁྲིམས་ཀྱི་སྲུང་སྐྱོབ་དང་སྤྱི་ཚོགས་ཀྱི་མཐུན་འགྱུར་ཅི་གང་མེད་པ་གསལ་སྟོན་བྱས་པར་མ་ཟད། ད་དུང་ང་ཚོ་སྐྱེས་པའི་དྲག་སྤྱོད་གཉའ་གནོན་འོག་ཏུ་འཚོ་ཞིང་། ཕོ་དབང་རིང་ལུགས་ཀྱི་སྤྱི་ཚོགས་ནང་སྐྱེས་པ་ཚོས་ཡ་ང་མེད་པར་མུ་མཐུད་དབང་ཤུགས་སྤྱད་ནས་བུད་མེད་ལ་སྟངས་འཛིན་དང་བུད་མེད་ཀྱི་འདམ་གར་དམ་དྲག་བྱེད་བཞིན་པ་དྲན་གསོ་བྱས་ཡོད་པར་འདོད།”
སྤྱི་ཚོགས་དང་རིག་གནས་མང་པོ་ཞིག་གི་གསང་རྒྱར་བསྡམས་པའི་གལ་ཆེའི་བརྗོད་གཞི་གླེང་སློང་དང་གོ་བསྡུར། གོ་རྟོགས་ཡོང་ཐབས་སུ། དུས་ཡུན་ཉིན་གྲངས་༡༦ རིང་ཕོ་མོ་འདྲ་མཉམ་དང་ཕོ་མོ་དབྱེ་འབྱེད་གཞིར་བྱས་ཀྱི་དྲག་སྤྱོད་ཐད་ནས་སྐྱེས་མའི་ཐོབ་ཐང་རྩོད་ལེན་གནང་མཁན་དང་སྐྱེས་མའི་ཐོབ་ཐང་དོན་གཉེར་བའི་འགོ་ཁྲིད་བཅས་ཀྱི་ལྟ་ཚུལ་དང་དངོས་འཕྲད་གཏམ་རྒྱུད་ཁག་འདི་ག་ལྟེ་གནས་ཁང་གི་སྤྱི་ཚོགས་བརྒྱུད་ཁག་ཏུ་སྤེལ་གྱི་ཡོད། ཐེངས་འདིའི་ལས་འགུལ་གྱི་བརྙན་ཐུང་བརྒྱུད་ནས། གཅིག་རྒྱབ་གཅིག་ལང་གི་ལས་འགུལ་སྟེ་བོད་རིགས་སྐྱེས་པ་ཚོས་ཕོ་མོ་འདྲ་མཉམ་ཡོང་ཐབས་ལ་རམ་འདེགས་དང་། ལྷ་མོ་དང་ལྷ་མོ་འདྲ་བའི་སྐྱེས་མ་ཚོར་བྱུང་བའི་དངོས་འཕྲད་དཀའ་སྡུག་གསལ་རྟོགས་ཡོང་བའི་རེ་བ་ཡོད།
རྒྱ་ནད་ཀྱི་རྐྱེན་གྱིས“སྤྱི་ཚོགས་ཟུར་བཀག་དང་ཁྱིམ་སྡོད་བཀག་རྒྱར་བརྟེན་ནས། ཁྱིམ་ཚང་གི་དཔལ་འབྱོར་དང་ཟ་མ། འཚོ་བའི་གནས་སྟངས་སོགས་ཀྱི་དཀའ་ཁག་ཁྲོད་སྐྱེས་མ་ཚོར་ཁྱིམ་ཚང་ནང་གི་དྲག་སྤྱོད་སྣ་ཚོགས་དང་། དམིགས་བསལ་དཔལ་འབྱོར་དང་། ལུས་སེམས། ཆགས་སྲེད་ཀྱི་དྲག་སྤྱོད་ཐེབས་པ་ཁྱབ་ཆེར་ཕྱིན་ཡོད”པ་ལྟར། འདི་ག་ལྟེ་གནས་ཁང་གི་ངོས་ནས། ཕོ་མོ་དབྱེ་འབྱེད་གཞིར་བྱས་དྲག་སྤྱོད་ཀྱི་འཚེ་བ་མྱོང་མཁན་ཚོར་རམ་འདེགས་རོགས་སྐྱོར་ཡོང་ཐབས་སུ། ཚང་མས་ཐེངས་འདིའི་ལས་འགུལ་ནང་མཉམ་ཞུགས་ཀྱིས་ཕྱར་བ་གྲུ་འདེགས་གནང་རོགས་ཞུ།