04/08/2020

ཆེས་ཡིད་སྐྱོ་བའི་གཡོ་ཟོལ་དང་རྫུན་གསོབ་ཀྱི་དངོས་ཡོད་གནས་སྟངས་གསལ་སྟོན་གནང་ཐབས་ཀྱི་ཞི་རྒོལ་ལས་འགུལ་བ་ཕེན་ཧྲིན།

  •   
  •  
  •  
  •  
  •  
  •  
  •  

“བོད་ནང་དང་ཤར་ཏུར་ཀི་སི་ཐན་ནང་ང་ཚོས་མཐོང་གསལ་ལྟར་ཞི་རྒོལ་ལས་འགུལ་སྤེལ་ནས་མི་མང་གར་སོང་ཆ་མེད་བཟོས་རེད། ཁོ་ཚོར་འཇིགས་སྐུལ་དང་བརྡབ་གསིག དྲག་རྡུང་། བཙོན་འཇུག ཡང་ན་དམར་གསོད་གཏོང་གི་ཡོད་ཅིང་། ཁོང་ཚོའི་ཞི་འབོད་ཐོས་ཐུབ་ཀྱི་མེད། རྒྱུ་རྐྱེན་དེའི་དབང་གིས་བོད་མི་མང་པོས་རང་སྲེག་ཞི་རྒོལ་གནང་བ་དང་། ཡུ་གུར་སྤུན་ཟླ་རྣམས་ཀྱིས་དྲག་རྒོལ་གནང་བ་རེད། རྒྱུ་མཚན་ཐབས་ཤེས་གཞན་མེད་པ་རེད།”

རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ཤར་ཨེ་ཤ་ཡའི་ཁུལ་གྱི་འབྲེལ་མཐུད་པ་ཕེན་ཧྲུན་ཐེངས་འདིའི་ཞི་རྒོལ་ཐོབ་ཐང་ལས་འགུལ་ནང་མཉམ་ཞུགས་གནང་ཡོད། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གནང་མཁན་ཞིག་ཡིན་པའི་ཆ་ནས། མོ་རང་ཞུ་གཏུག་ལས་འགུལ་དང་ཞི་རྒོལ་ལས་འགུལ་མང་པོའི་ནང་མཉམ་ཞུགས་གནང་མྱོང་ཡོད་པ་རེད།

ཞི་རྒོལ་ཐོབ་ཐང་སྲུང་སྐྱོབ་ཁྲོད་དུ་ཕེན་ཧྲུན་གྱིས། ལས་འགུལ་སྤེལ་སྐབས་གལ་ཏེ་གུ་དོག་དང་གཅིག་ཆོད་ཀྱི་ཐབས་ཇུས་སྤྱད་པ་ཡིན་ན། “དྲང་བདེན་མིན་པའི་རྒྱ་རུ་ཚུད”སྲིད་པའི་དོགས་སྐུལ་གནང་ཡོད།

ཡུལ་ལུང་མང་པོ་ཞིག་གི་ནང་དུ་ང་ཚོར་སྨྲ་བརྗོད་རང་དབང་དང་ཞི་རྒོལ་ཐོབ་ཐང་ལོངས་སུ་སྤྱོད་དབང་ཡོད་ལ། ཉེན་རྟོག་པས་ང་ཚོར་སྲུང་སྐྱོབ་བྱེད་པ་ལས་བརྡབ་གསིག་གཏོང་གི་མེད། སྨོས་མ་དགོས་པར། ང་ཚོས་ཅི་ནུས་ཀྱིས་ཞི་རྒོལ་དང་ཞི་འབོད་རྒྱུན་སྐྱོང་བྱེད་པ་དང་། གང་ཐུབ་ཀྱིས་གཏོར་བཅོམ་མི་འབྱུང་བ་བྱེད་དགོས། ལས་འགུལ་གྱི་ལེགས་ཉེས་དེ་ངོ་རྒོལ་གྱི་ཐབས་ཇུས་གཅིག་པུར་གཞིར་བྱས་ཐག་གཅོད་རྒྱུ་མེད་རེད།  

ཡིན་ནའང་འཛམ་གླིང་སྒང་གི་ལས་འགུལ་ཡོད་ཚད་དང་སྐྱེ་བོ་ཚང་མ་ལས་འགུལ་གྱི་ཚད་གཞི་གཅིག་མཚུངས་ཡོང་ཐབས་མེད་པ་དང་ཉེན་ཁ་ཡང་ཆེན་པོ་ཡོད་པ་རེད། རྒྱུ་མཚན། ཡུལ་ལུང་ཁ་ཤས་ཀྱི་ཚོགས་སྡེ་ཞེ་དྲག་པར་དྲང་བདེན་མེད་པའམ། གཞི་རྩའི་ཆ་ནས་མང་གཙོ་མིན་པ། རང་དབང་ལྡན་པའི་སྤྱི་ཚོགས་མིན་དུས། མི་མང་གིས་ཐབས་ཇུས་སྤྱོད་རྒྱུ་ཧ་ཅང་ཁག་པོ་དང་དཀོན་པོ་རེད།

ལྕམ་ཕེན་ཧྲུན་ཐེངས་འདིའི་ཞི་རྒོལ་ཐོབ་ཐང་ལས་འགུལ་ནང་མཉམ་ཞུགས་ཀྱིས་རྒྱ་གཞུང་ལ་བོད་སྐུལ་གནང་དོན།

༡༽ ཞི་བའི་འདུ་འཛོམ་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཡིག་རྩ་འཛིན་དང་འགལ་བའི་རྒྱ་གཞུང་གི་ལག་བསྟར་སྲིད་ཇུས་ཁག་མྱུར་དུ་མཚམས་འཇོག་དགོས།

༢༽ ཞི་རྒོལ་བར་བཙན་དབང་གིས་དྲག་གནོན་དང་བཀག་བསྐྱིལ་བྱེད་ཐབས་ཀྱི་སྲིད་ཇུས་མེད་པར་བཟོ་དགོས།

༣༽ ཞི་རྒོལ་བ་གང་བྱུང་བཀག་ཉར་དང་མནར་གཅོད་གཏོང་མཁན་སྲིད་གཞུང་གི་དཔོན་རིགས་ཚོར་ཉེས་ཆད་འགེལ་དགོས།

༤༽ བཙན་དབང་འོག་གར་སོང་ཆ་མེད་དུ་འགྱུར་རིགས་འགོག་པའི་རྒྱལ་སྤྱིའི་སྤྱི་ཆིངས་དང་། སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས་གཉིས་ལ་ལག་བསྟར་ཆོག་མཆན་འགོད་དགོས།

༥༽ ཞི་བའི་འདུ་འཛོམ་དང་ཚོགས་འཛུགས་རང་དབང་གི་ཐོབ་ཐང་ཐད་ཀྱི་རྒྱལ་ཚོགས་ཀྱི་དམིགས་བསལ་སྙན་སྒྲོན་པ་གདད་ཞུ་ཞུས་ནས། ད་ལྟའི་བོད་ནང་གི་ཞི་བའི་འདུ་འཛོམ་རང་དབང་ཐོབ་ཐང་གི་དངོས་ཡོད་གནས་སྟངས་ལ་རྟོག་ཞིབ་རྒྱུས་ལོན་བྱེད་དུ་འཇུག་དགོས།

ཕྱི་ཟླ་༥ ཚེས་༣ ཉིན་ནས་འདི་ག་ལྟེ་གནས་ཁང་གིས་ཞི་རྒོལ་ཐོབ་ཐང་གི་ལས་འགུལ་འགོ་བཙུགས་ཏེ། བོད་མིའི་ཞི་རྒོལ་སྙིང་སྟོབས་དང་སེམས་ཤུགས་བཅས་མཚོན་པའི་བྱུང་རིམ་ལོ་རྒྱུས་འགྲེམ་སྤེལ་གྱིས། ད་ཆར་རྒྱ་གཞུང་གིས་ཏོག་དབྱིབས་ནད་དུག་གི་གོ་སྐབས་བེད་སྤྱད་ནས། བོད་ནང་དུ་ཞི་བའི་ཐོག་ནས་འདོད་མོས་མེད་པའི་རྣམ་འགྱུར་ཇི་འདྲ་ཞིག་བསྟན་ནའང་། དེ་ལ་ཚབས་ཆེའི་དྲག་གནོན་དང་སྡུག་སྦྱོང་མནར་གཅོད་གཏོང་བཞིན་པ་སྦེད་ཐབས་ཀྱི་སྒྲིབ་གཡོག་བཤུས་ཏེ། བོད་མིའི་སྨྲ་བརྗོད་རང་དབང་གསལ་འདོན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།

འདི་ལོའི་ཕྱི་ཟླ་༡༢ ཚེས་༡༠ ཉིན་ཏེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོའི་བར་དུ། ཐེངས་འདིའི་ལས་འགུལ་བརྒྱུད་བོད་དོན་ལས་འགུལ་བ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གནང་མཁན་མི་སྣ་༣༠ ཡི་རེ་འདུན་དང་བློ་སྤོབས། ཞི་རྒོལ་བཅས་ཀྱི་གནས་ཚུལ་རིམ་པར་སྤེལ་འཆར་ཡོད།