16/12/2019

ཆབ་སྲིད་ཀྱི་ཚོར་ཤུགས་སྐྱེན་པའི་དུས་དྲན་འཐོན་ལ་ཉེ་སྐབས་པར་རིས་བརྒྱུད་སྤེལ་བྱས་པའི་ཉེས་འཛུགས་འོག་བོད་མི་ཞིག་བཀག་ཉར་གྱིས་སྲོག་ཉེན་ལ་འཕྲད་ཡོད།

  •   
  •  
  •  
  •  
  •  
  •  
  •  

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་ཁུངས་ལྡན་འབྱོར་གསལ་ལྟར་ན། རྒྱ་གཞུང་གིས་ཆབ་སྲིད་ཀྱི་ཚོར་ཤུགས་སྐྱེན་པར་ཆ་འཇོག་བྱེད་པའི་དུས་དྲན་བསླེབ་ལ་ཉེ་སྐབས་བོད་མི་ཞིག་གང་བྱུང་བཀག་ཉར་བྱས་ཡོད་པ་རེད།

འདི་ལོའི་ཕྱི་ཟླ་༣ ཚེས་༩ ཉིན་གྱི་ཞོགས་པར་རང་ལོ་༢༦ ཡིན་པའི་པདྨ་བསམ་འགྲུབ་ལྷ་སར་འཇུ་བཟུང་བཀག་ཉར་བྱས་ཡོད་པ་དང་། དེ་ནི་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་གྱི་སྔ་ཉིན་ཡིན་འདུག དུས་ཡུན་གང་མཚམས་རིང་ལྷ་སར་བཀག་ཉར་བྱས་རྗེས། ཁོ་སྤྱི་ལེ་༤༨༠ ལྷག་གི་མཚམས་སུ་ཡོད་པའི་ཆབ་མདོ་ས་ཁུལ་གྱི་སྤྱི་བདེ་ལས་ཁུངས་ལ་རྩིས་སྤྲོད་བྱས་ཡོད་པ་རེད།

གནས་ཚུལ་འགྲེལ་བརྗོད་པས་འདི་ག་ལྟེ་གནས་ཁང་ལ། རྒྱ་གཞུང་གིས་པདྨ་བསམ་འགྲུབ་ལ་ཆབ་སྲིད་ཀྱི་དོགས་གཞི་དང་ཁོ་རང་གི་འཕྲིན་ཕྲན་རྒྱབ་ལྗོངས་ལ་པར་རིས་བརྒྱུད་སྤེལ་བྱས་པའི་ཉེས་འཛུགས་འོག་བཀག་བསྐྱིལ་བྱས་པར་བརྗོད་ཡོད།

པདྨ་བསམ་འགྲུབ་ནི་ཆབ་མདོ་ས་ཁུལ་ཁྱུང་པོ་སྟེང་ཆེན་རྫོང་སེར་རྩ་ཤང་ཁུ་རྒྱུད་གྲོང་ཚོ་ནས་འཚར་ལོང་བྱུང་བ་དང་ཪག་ཤི་ཚང་གི་བུ་སྤུན་བཞིའི་གྲས་ཀྱི་ཐ་ཆུང་བ་ཡིན་པ་རེད། བཀག་ཉར་མ་བྱས་སྔོན་ལ། ཁོས་ལྷ་སར་ཆང་ཁང་ཡོད་པའི་ཟ་ཁང་ཞིག་གི་རྩིས་གཉེར་བའི་ལས་ཀ་བྱེད་མུས་ཡིན་པ་དང་། དེ་གར་ཁོས་ལས་ཀ་བྱས་ནས་དུས་ཡུན་གང་མཚམས་འགོར་ཡོད་པ་རེད།

བསམ་འགྲུབ་ཀྱི་ནང་མི་ཚོར་ཁོ་འཇུ་བཟུང་བྱས་པའི་བརྡ་ལན་ཙམ་ཡང་སྤྲད་མེད་པར་མ་ཟད། ཁོ་ལ་ཐུག་འཕྲད་བྱེད་དུ་བཅུག་མེད་པ་དང་། དོགས་གཞིའི་ཉེས་འཛུགས་དེ་དང་འབྲེལ་ཏེ། སྟེང་ཆེན་རྫོང་ཉེན་རྟོག་ཁང་གིས་ཁོའི་ཕུ་བོ་དཀོན་མཆོག་ཚེ་རྒྱལ་ཐེངས་གཉིས་ལ་འབོད་འགུག་གིས་འདྲི་གཅོད་བྱས་འདུག ཁོའི་ཕ་རྒན་ལྷ་སར་ཐེངས་གཅིག་ཕྱིན་ཡང་། ཁོ་གང་དུ་ཡོད་མེད་ཤེས་རྟོགས་ཐུབ་མེད་པ་རེད།

བསམ་འགྲུབ་ཀྱི་ཉེ་འབྲེལ་ཚོས་ཆབ་མདོའི་བཀག་ཉར་ཁང་དུ་ཁོའི་ཐོབ་ཐང་མཐུན་འགྱུར་ཁག་རྩིས་མེད་རྡོག་རོལ་བཏང་ནས་ཁོ་ལ་སྡུག་སྦྱོང་མནར་གཅོད་གཏོང་བར་སེམས་ཁྲལ་གནང་གི་འདུག བཙན་བྱོལ་ནང་ཡོད་པའི་བསམ་འགྲུབ་ཀྱི་ཉེ་འབྲེལ་ཞིག་གིས་འདི་ག་ལྟེ་གནས་ཁང་ལ། བསམ་འགྲུབ་ཆབ་མདོའི་བཀག་ཉར་ཁང་དུ་བཀག་བསྐྱིལ་བྱས་ཡོད་པ་ཐོས་འཕྲལ། ང་ལ་དངོས་གནས་སེམས་ཁྲལ་སྐྱེས་སོང་། ཆབ་མདོའི་བཀག་ཉར་ཁང་གི་དབང་འཛིན་དཔོན་རིགས་ཚོས་ཆབ་སྲིད་དང་འབྲེལ་བའི་བཀག་ཉར་མི་སྣར་གདུག་རྩུབ་ཀྱི་མནར་གཅོད་ལག་བསྟར་བྱེད་པ་ཡོངས་གྲགས་རེད། ང་ད་ལྟ་ཁོའི་ཚེ་སྲོག་ལ་སེམས་ཁྲལ་ཡོང་གི་འདུག ཁོ་ལོ་ན་ཆུང་ཁར་རིག་པ་ཡག་པོ་ཡོད་པ་དང་། གཞི་ནས་མི་ཚེ་འཚོ་བར་འཇུག་མཁན་གཞོན་སྐྱེས་ཤིག་ཡིན་པ་དང་། ད་ནི་ཁོའི་མ་འོངས་པ་རྦད་དེ་ངེས་བརྟན་ཅི་ཡང་མེད་པ་ཆགས་པ་རེད། ཅེས་བརྗོད་ཡོད།

ཕྱི་ལོ་༢༠༡༨ ཟླ་༣ ནང་པདྨ་བསམ་འགྲུབ་གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་ནས་སློབ་མཐར་ཕྱིན་ཡོད་པ་དང་། དེ་གར་ཁོས་འདས་པའི་ལོ་ངོ་༤ རིང་སློབ་གཉེར་གནང་འདུག སློབ་གླིང་དེ་གར་ཁོས་སློབ་སྦྱོང་གི་གྲུབ་འབྲས་གཡར་དུ་ཟ་བ་བླངས་ཏེ་སློབ་གླིང་ནང་ཁོང་ལ་གཟེངས་བསྟོད་ཐོབ་ཡོད་པ་དང་། སློབ་གླིང་དེའི་ནང་བོད་སྐད་ཡིག་གཙོས་སློབ་ཁྲིད་གནང་གི་ཡོད་པ་དང་། སློབ་ཁྲིད་ཀྱི་གནས་ཚད་ཧ་ཅང་ལེགས་པོ་ཡོད་འདུག སློབ་མཐར་ཕྱིན་རྗེས། པདྨ་བསམ་འགྲུབ་ཕྱིར་ཕ་ཡུལ་སྟེང་ཆེན་རྫོང་ལ་ལོག་ནས་ལས་ཀ་ཞིག་བཙལ་ཡང་གཏན་འཇགས་ཀྱི་ལས་ཀ་ཞིག་མ་རག་པས། ཁོ་ལྷ་སར་ཕྱིན་ཡོད་པ་རེད།

འདི་ག་ལྟེ་གནས་ཁང་གི་ངོས་ནས།  ཆབ་མདོ་ས་ཁུལ་གྱི་དབང་འཛིན་དཔོན་རིགས་ཚོས་པདྨ་བསམ་འགྲུབ་ལ་མི་སྤྱོད་ལས་འདས་པའི་གདུག་རྩུབ་དང་མནར་གཅོད། དམའ་འབེབ་དང་ཉེས་ཆད་འགེལ་རྒྱུ་མཚམས་བཞག་ནས་ཆ་རྐྱེན་ཅི་ཡང་མེད་པའི་ཐོག་ནས་ཁོ་མྱུར་དུ་གང་བྱུང་བཀག་ཉར་ཁང་ནས་གློད་གྲོལ་གཏོང་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུ་ཡི་ཡོད་ལ། འདི་ག་ལྟེ་གནས་ཁང་གིས་ད་དུང་། རྒྱ་གཞུང་གིས་པདྨ་བསམ་འགྲུབ་ཀྱི་ལུས་སེམས་བདེ་ཐང་དང་བདེ་འཇགས་བཅས་ལ་འགན་ལེན་བྱེད་དགོས་པ་དང་། རྒྱ་གཞུང་གི་ཁོའི་ནང་མི་ཚོར་སུན་གཙེར་འགོག་རྐྱེན་བཟོ་རྒྱུ་མྱུར་དུ་མཚམས་བཞག་ནས། པདྨ་བསམ་འགྲུབ་ལ་དུས་ཐོག་འཕྲོད་བསྟེན་ལྟ་སྐྱོང་གི་འགན་ལེན་བྱེད་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུ་ཡི་ཡོད།

དྲ་ལམ་དུ་པར་རིས་བརྒྱུད་སྤེལ་བྱས་པ་ཙམ་ལ་རྐྱེན་བྱས་ནས། རྒྱ་གཞུང་གིས་པདྨ་བསམ་འགྲུབ་གང་བྱུང་བཀག་ཉར་དང་སྡུག་སྦྱོང་མནར་གཅོད་གཏོང་བ་ནི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཁས་ལེན་ཁག་ཐེག་གཙང་མ་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་རྩ་འཛིན་ཁྲིམས་ཡིག་ཁག་གི་ནང་སྲུང་སྐྱོབ་བྱེད་པའི་གཞི་རྩའི་རང་དབང་དང་ཐོབ་ཐང་ཁག་རྩིས་མེད་རྡོག་རོལ་བཏང་བ་རེད།