19/01/2020

གློད་གྲོལ་ཐོབ་པའི་སྲིད་བཙོན་དངོས་དགའ་ལགས་ཀྱི་གཟུགས་པོ་ནད་གཅོང་ཆགས་འདུག

  •   
  •  
  •  
  •  
  •  
  •  
  •  
ཆབ་སྲིད་བཙོན་ཟུར་དངོས་སྒྲུབ་ཕུན་ཚོགས་ལགས་ལོ་༨ཀྱི་བཙོན་འཇུག་མནར་གཅོད་མྱངས་མཐར་གློད་གྲོལ་གྱིས་རང་ཁྱིམ་དུ་ལོག་ཡོད་ནའང་ཁོང་རྐེད་པ་ནད་གཅོང་ཆགས་ཡོད་པ།
ཆབ་སྲིད་བཙོན་ཟུར་དངོས་སྒྲུབ་ཕུན་ཚོགས་ལགས་ལོ་༨ཀྱི་བཙོན་འཇུག་མནར་གཅོད་མྱངས་མཐར་གློད་གྲོལ་གྱིས་རང་ཁྱིམ་དུ་ལོག་ཡོད་ནའང་ཁོང་རྐེད་པ་ནད་གཅོང་ཆགས་ཡོད་པ།

ཆབ་སྲིད་བཙོན་པ་དངོས་སྒྲུབ་ཕུན་ཚོགས་ལགས་ལོ་ ༨ བཙོན་དུས་གཙང་སྟེ་གློད་ཡོད་ནའང་། བཙོན་འོག་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་སྟེ་རྐེད་པ་གཅོང་ནད་བཟོས་ཡོད་སྟབས། ད་ལྟའི་ཆར་འགྲོ་བསྐྱོད་མི་ཐུབ་པར་གཟུགས་པོའི་གནས་སྟངས་ཛ་དྲག་ཆགས་འདུག

འདི་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། བོད་མི་ཆབ་སྲིད་བཙོན་པ་དངོས་སྒྲུབ་ཕུན་ཚོགས་སམ་དངོས་དགའ་ཞེས་འབོད་པ་ཁོང་ལོ་ ༨ ཀྱི་བཙོན་དུས་གཙང་སྟེ་གློད་གྲོལ་གྱིས་ཕྱི་ཟླ་ ༣ ཚེས་ ༢༠ དགོང་མོ་ནང་དུ་བསྐྱལ་ཡོད་འདུག མ་གཞི་ཁོང་གི་བཙོན་དུས་ཕྱི་ཚེས་ ༡༨ ཉིན་གཙང་ཟིན་ཡོད་ནའང་། ཉིན་གཉིས་ཕྱིར་འགྱངས་ཐོག་ནང་ལ་བསྐྱལ་ཡོད་པ་རེད། བཙོན་འཇུག་སྐབས་ཁོང་ལ་མནར་གཅོད་སྡུག་སྦྱོང་ཚད་མེད་བཏང་སྟེ་ཁོང་གི་རྐེད་པ་ནད་གཅོང་བཟོས་ཡོད་སྟབས། མི་གཉིས་ཀྱིས་མཆན་གཡས་གཡོན་ནས་སྐྱོར་ཏེ་ཡར་ལངས་སློང་དགོས་ཀྱི་ཡོད་པ་དང་། གོམ་པ་རྒྱག་དུས་ཀྱང་འཁར་རྒྱུག་ལ་ཁེན་པ་དང་མི་གཞན་གྱིས་སྐྱོར་ན་མ་གཏོགས། རང་སྟེང་ནས་གོམ་པ་བརྒྱབ་སྟེ་འགྲོ་བསྐྱོད་ཐུབ་ཀྱི་མེད་པ་སོགས་གཟུགས་པོའི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་འདུག ད་ལྟའི་ཆར་ཁོང་སྨན་ཁང་དུ་སྨན་བཅོས་ཆེད་བསྐྱོད་མེད་པར་སོ་སོའི་ནང་དུ་བསྡད་ཡོད་འདུག

ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་ཡོད་པ་ལྟར། ལོ་དེའི་ཕྱི་ཟླ་ ༣ ཚེས་ ༡༨ ཉིན་དཀར་མཛེས་རྫོང་གི་རྒྱ་གཞུང་ཉེན་རྟོག་ལས་ཁུངས་མདུན་དུ་ས་གནས་བོད་མི་སྟོང་ཕྲག་མང་པོས་ཞི་ངོ་རྒོལ་སྐད་འབོད་བྱུང་སྐབས། དངོས་སྒྲུབ་ཕུན་ཚོགས་ལགས་ནི་ཞི་རྒོལ་སྣེ་ཁྲིད་པའི་གྲས་ཤིག་ཡིན་པ་དང་། སྐབས་དེར་རྒྱ་གཞུང་ཉེན་རྟོག་པས་བོད་མི་ཞི་རྒོལ་བ་རྣམས་ཀྱི་ཐོག་མེ་མདའ་བརྒྱབ་སྟེ་དྲག་གནོན་ཤུགས་ཆེན་པོ་བྱས་ཡོད་པ་མ་ཟད། བོད་མི་ཞི་རྒོལ་བ་མང་པོ་སྔ་ཕྱིར་འཇུ་བཟུང་བཙན་འཁྲིད་བྱས་ཡོད་པ་རེད། ཁོང་ཡང་དེ་དུས་རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་གིས་གར་སོང་ཆ་མེད་དུ་གྱུར་ཡོད་སྟབས། ཁོང་གི་ནང་མི་རྣམས་ཀྱི་ངོས་ནས་ཞི་རྒོལ་ཁྲོད་རྒྱ་དམག་གིས་ཁོང་དམར་གསོད་ཐེབས་ཟིན་པར་ཚོད་དཔག་བྱ་དགོས་བྱུང་ཡོད། དུས་ཡུན་རིང་པོ་འགོར་བའི་རྗེས་སུ་ཁོང་དཀར་མཛེས་རྫོང་གི་བཀག་ཉར་ཁང་དུ་བཀག་ཉར་བྱས་ཡོད་པ་ཤེས་རྟོགས་བྱུང་འདུག

དངོས་སྒྲུབ་ཕུན་ཚོགས་ལགས་རྒྱ་གཞུང་གིས་འཇུ་བཟུང་བཙན་འཁྲིད་རྗེས་ཉེན་རྟོག་པ་ཚོས་ཁོང་གི་ནང་ལ་བསྔོག་བཤེར་བྱས་ཏེ། ༢༠༠༦ ལོར་༧གོང་ས་མཆོག་གིས་ཨ་མཱར་ཝ་ཏིར་དུས་དབང་བསྩལ་སྐབས་གསུངས་པའི་གཅན་གཟན་ལྤགས་རིགས་རྒྱན་གོས་མཚམས་འཇོག་དགོས་པའི་བཀའ་སློབ་ཀྱི་སྒྲ་ཐག་འཁོར་ལོ་གཉིས་དང་། ༧གོང་ས་མཆོག་གི་སྐུ་པར་ ༧༠ ཙམ་བཙན་ཁྱེར་བྱས་ཡོད་པ་རེད། དེ་རྗེས་ཁོང་དཀར་མཛེས་རྫོང་བཀག་ཉར་ཁང་དང་དར་རྩེ་མདོ་སོགས་སུ་ཡུན་རིང་བཀག་ཉར་གྱིས་གཅར་རྡུང་འདྲི་གཅོད་སྣ་ཚོགས་བྱས་མཐར། ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༣༠ ཉིན། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། ཁོང་ལ་རྒྱལ་ཁབ་ཁ་བྲལ་གྱི་ངལ་སྐུལ་བྱས་པའི་ནག་ཉེས་བཙུགས་ཏེ་ལོ་ ༨ ཀྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་དང་། ལོ་ ༤ རིང་ཆབ་སྲིད་ཁེ་དབང་བཙན་འཕྲོག་བྱས་ཏེ་ཟི་ཁྲོན་ཏིག་ཡཱང་བཙོན་དུ་བཙོན་འཇུག་བྱས་ཡོད་པ་རེད།

དངོས་སྒྲུབ་ཕུན་ཚོགས་ལགས་ཀྱི་ཕ་ཡུལ་ནི་བོད་མདོ་ཁམས་དཀར་མཛེས་ཡིན་པ་དང་། ཁོང་གི་མི་ཚང་གྱི་མིང་ལ་ཆུ་ཁ་ཚང་ཟེར་ཞིང་ད་ལྟ་ཁོང་རང་ལོ་ ༦༡ ཡིན། རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱིས་མི་སེར་སྤེལ་བའི་དྲག་གནོན་དབང་བསྒྱུར་གྱི་ད་ལྟའི་ས་ཁོངས་ལྟར་བྱས་ན། ཟི་ཁྲོན་ཞིང་ཆེད་ཁོངས་སུ་བཅད་བགོས་བྱས་ཡོད་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་གསེར་ཆུ་ཤང་གསེར་ཆུ་གྲོང་སྡེ་ནས་ཡིན་པ་རེད། ཁོང་ལ་གཟའ་ཟླ་བུ་ཕྲུག་སོགས་གང་ཡང་མེད་མོད། དེ་སྔོན་ཁོང་གིས་དཀར་མཛེས་རྫོང་ཐོག་ཏུ་ཚོང་ལས་གཉེར་ཞོར། ཆུ་ཁ་ཚང་ནང་མི་ཡོངས་ཀྱི་འཚོ་བར་ལྟ་སྐྱོང་བྱེད་བཞིན་ཡོད་པ་རེད། ཕྱི་ལོ་ ༡༩༩༧ ལོར་ཁོང་རྒྱ་གར་ནང་གནས་མཇལ་བྱས་རྗེས་ཕྱིར་ཕ་ཡུལ་དུ་ལོག་ཡོད་པ་དང་། ཕྱི་ལོ་ ༢༠༠༡ ལོར་བོད་ནང་དཀར་མཛེས་མི་མང་གིས་༧གོང་ས་མཆོག་ལ་བརྟན་བཞུགས་གསོལ་སྨོན་འབུལ་སྐབས་ཁོང་ནི་བརྟན་བཞུགས་གོ་སྒྲིག་གནང་མཁན་ཡིན་པ་རེད། གཞན་ཡང་། ༡༩༩༠ ལོའི་ནང་དུ་ཁོང་གིས་ས་གནས་བོད་རིགས་དད་ལྡན་མང་ཚོགས་ལ་༧གོང་ས་མཆོག་གི་སྐུ་པར་དང་༼ཚད་མེད་ཡོན་ཏན༽སོགས་མཁོ་འགྲེམས་བྱས་ཡོད་པ་རེད།

རྒྱ་གཞུང་གི་བོད་མི་ཆབ་སྲིད་བཙོན་པ་རྣམས་ལ་ཉེས་མིང་འདྲ་མིན་འོག་འཇུ་བཟུང་བྱས་རྗེས། དུས་ཡུན་རིང་པོའི་ནང་བཀག་ཉར་འདྲི་གཅོད་ཀྱིས་མི་སྤྱོད་ལས་འདས་པའི་སྡུག་སྦྱོང་མནར་གཅོད་ཚད་མེད་གཏོང་བཞིན་ཡོད་པ་མ་ཟད། བཙོན་འཇུག་ཁྲིམས་ཐག་བཅད་ཟིན་ཏེ་བཙོན་ཁང་དུ་སྡོད་པའི་སྐབས་སུའང་། བཟོད་ཐབས་བྲལ་བའི་ངལ་རྩོལ་སྡུག་སྦྱོང་གཏོང་བ་དང་གང་བྱུང་གཅར་རྡུང་དྲག་པོ་བཏང་སྟེ་གཟུགས་པོ་ནད་གཅོང་བཟོ་བ། དེ་བཞིན། བཙོན་གྲོལ་ཐོབ་ལ་ཉེ་སྐབས་བཙན་གྱིས་དུག་ཁབ་སོགས་བརྒྱབ་སྟེ་དུས་ཡུན་རིང་པོ་འཚོ་མི་ཐུབ་པ་བཟོ་བཞིན་ཡོད་ལ། ཐ་ན་བཙོན་འོག་ཏུ་རྐྱེན་འདས་སུ་བཏང་བའི་གནས་རིགས་མང་པོ་ཡོང་གི་ཡོད། རྒྱ་གཞུང་གི་བྱ་སྤྱོད་འདི་རིགས་ནི་བོད་མིའི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་རང་དབང་། རྒྱལ་སྤྱིའི་འབྲེལ་ཡོད་ཁྲིམས་ལུགས་དང་སྤྱི་ཆིངས་ཁག་རྡོག་རོལ་བཏང་བ་ཞིག་དང་། རྒྱ་གཞུང་རང་ཉིད་ཀྱི་འབྲེལ་ཡོད་རྩ་ཁྲིམས་དང་བཅའ་ཁྲིམས་ལ་རྒྱབ་འགལ་བྱས་པ་ཞིག་ཆགས་ཡོད། དེར་བརྟེན། འདི་ག་ལྟེ་གནས་ཁང་གི་ངོས་ནས་རྒྱ་གཞུང་གིས་བོད་མི་བཙོན་པ་རྣམས་མི་རིགས་དབྱེ་འབྱེད་ཀྱི་འདུ་ཤེས་ཐོག་ནས། ཁྲིམས་དང་འགལ་ཞིང་མི་སྤྱོད་ལས་འདས་པའི་ཡ་ང་བའི་མནར་གཅོད་གཏོང་བཞིན་པའི་བྱ་སྤྱོད་འདི་རིགས་མྱུར་དུ་མཚམས་དགོས་པ་དང་། བོད་མི་བཙོན་པ་རྣམས་བཙོན་པའི་ཁྲིམས་མཐུན་ཁེ་དབང་སྤྲོད་དགོས་པ་ནན་སྐུལ་བྱེད་བཞིན་ཡོད།