14/12/2019

གླུ་བ་སྐལ་བཟང་ཡར་འཕེལ་ལགས་ལ་ལོ་ ༤ བཙོན་འཇུག་ཁྲིམས་ཐག་བཅད་འདུག

  •   
  •  
  •  
  •  
  •  
  •  
  •  

བོད་མདོ་སྨད་རྨ་ཆུ་ས་ཁུལ་གྱི་གླུ་བ་སྐལ་བཟང་ཡར་འཕེལ་ལགས་ལ། རྒྱ་གཞུང་གིས་ཆབ་སྲིད་ཉེས་མིང་བཀལ་ཏེ་ལོ་ ༤ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

རྒྱ་གཞུང་གིས་ལོ་ ༤ བཙོན་འཇུག་ཁྲིམས་ཐག་བཅད་ཟིན་པའི་གླུ་བ་སྐལ་བཟང་ཡར་འཕེལ་ལགས།
རྒྱ་གཞུང་གིས་ལོ་ ༤ བཙོན་འཇུག་ཁྲིམས་ཐག་བཅད་ཟིན་པའི་གླུ་བ་སྐལ་བཟང་ཡར་འཕེལ་ལགས།
འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། རྒྱ་གཞུང་གིས་བོད་རིགས་གླུ་བ་སྐལ་བཟང་ཡར་འཕེལ་ལགས་ལ་ཆབ་སྲིད་ཀྱི་ཉེས་མིང་གཡོགས་ཏེ། ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༤ ཡས་མས་ཤིག་བོད་ཀྱི་རྒྱལ་ས་ལྷ་ས་རུ་འཇུ་བཟུང་ཐོག རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་གྱི་ལྟ་སྲུང་ཁང་ཞིག་ཏུ་ལོ་ ༡ དང་ཟླ་ ༦ ལྷག་ལ་བཀག་ཉར་འདྲི་གཅོད་བྱས་མཐར། ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༢༧ ཉིན་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་ཁྲིམས་ཁང་ཞིག་གིས། ཁོང་ལ་ལོ་ ༤ ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་འདུག རྒྱ་གཞུང་གིས་གླུ་བ་སྐལ་བཟང་ཡར་འཕེལ་ལགས་ལ་ཁྲིམས་གཅོད་སྐབས། ཁོང་ལ་ཆབ་སྲིད་ཀྱི་ཉེས་མིང་ཅི་ཞིག་གཡོགས་ཡོད་མེད་དང་། ཁྲིམས་རྩོད་པ་གླ་རྒྱུའི་ཐོབ་ཐང་དང་ཁྲིམས་རར་ནང་མི་ཟུར་ཉན་དུ་ཞུགས་བཅུག་ཡོད་མེད་སོགས། ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

གཞན་ཡང་། ས་གནས་མང་ཚོགས་ཀྱིས་བརྗོད་པ་ལྟར་ན། རྒྱ་གཞུང་གིས་གླུ་བ་སྐལ་བཟང་ཡར་འཕེལ་ལགས་ལ་རྒྱ་སྒོར་ཁྲི་ ༢༠ ཆད་པ་བཅད་ཡོད་འདུག གླུ་བ་སྐལ་བཟང་ཡར་འཕེལ་ལགས་འཇུ་བཟུང་མ་བྱས་ཡར་སྔོན་དུ་ལྷ་ས་གྲོང་ཁྱེར་དུ་གནས་སྡོད་བྱས་ཡོད་ལ། ཁོང་གིས་དེ་གར་༼གངས་རིའི་མགྲོན་ཁང་༽ཞེས་པའི་མགྲོན་ཁང་ཞིག་གཉེར་ཡོད་པ་དང་། མགྲོན་ཁང་དེ་ནི་ལྷ་སའི་ཇོ་ཁང་གི་རྒྱབ་ཕྱོགས་སྦྲ་ནག་གཞུང་སྲང་ལམ་གཉིས་པའི་སྒོ་རྟགས་ཨང་ ༣༧ པ་ཡིན་འདུག ཁོང་འཇུ་བཟུང་བཙོན་འཇུག་བྱས་པར་བརྟེན་ནས། ད་ལྟའི་ཆར་མགྲོན་ཁང་དེ་ཉིད་སྒོ་རྒྱག་བཅུག་ཡོད་མེད་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་མི་འདུག

གླུ་བ་སྐལ་བཟང་ཡར་འཕེལ་ལགས་ནི་ད་ལྟ་ལོ་ ༣༩ ཡིན་ལ། རྒྱ་གཞུང་གིས་བོད་ཀྱི་བཅད་བགོས་ཀྱི་ད་ལྟའི་དབང་བསྒྱུར་ས་ཁོངས་ལྟར་བྱས་ན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་རྨ་ཁུག་རྟ་ར་ནས་ཡིན་པ་དང་། ཁོའི་ཕ་མིང་ལ་མགོན་པོ་ཚེ་བརྟན་དང་མ་མིང་ལ་མ་ཁོ། བཟའ་ཟླའི་མིང་ལ་ཚེ་འཛིན་དཔལ་མོ་ཟེར་བ་དང་། ཁོང་གཉིས་ལ་བུ་གཉིས་དང་བུ་མོ་གཅིག་བཅས་བུ་ཕྲུག་གསུམ་ཡོད་པ་ལས། ཆེ་བ་བུ་ཨོ་རྒྱན་སྐྱབས་ལོ་ ༢༢ དང་། བུ་དཀོན་མཆོག་བསྟན་པ་ལོ་ ༢༠ ། བུ་མོ་སྒྲོལ་དཀར་ལྷ་མོ་ལོ་ ༡༩ བཅས་ཡིན་པ་རེད།

དེ་སྔོན་གླུ་བ་སྐལ་བཟང་ཡར་འཕེལ་ལགས་རྒྱ་གཞུང་གིས་འཇུ་བཟུང་སྐབས། འདི་ག་ལྟེ་གནས་ཁང་གིས་ཁོང་གི་སྐོར་གྱི་གནས་ཚུལ་སྤེལ་ཡོད་པ་ལྟར། བོད་རང་ཉིད་ཀྱི་ཕ་སྐད་གཙང་མ་རྒྱུན་འཛིན་ཡོང་བར་སྐུལ་སློང་ཆེད། བོད་ནང་གི་གླུ་བ་སྐོར་ཅིག་གིས་གཙོ་སྒྲུབ་འོག ཕྱི་ལོ་ ༢༠༡༢ བོད་ཟླ་ ༡༠ ནས་ ༡༡ བཅས་སུ་༼ཁ་བའི་མེ་ཏོག་རིག་རྩལ་དགོང་ཚོགས་ཆེན་མོ༽ ཞེས་པོ་ཞིག་ཚོགས་པ་དང་། དགོང་ཚོགས་དེའི་འོད་སྡེར་རྣམས་མཚོ་སྔོན་དང་ཀན་སུའུ། ཟི་ཁྲོན། ཡུན་ནན་སོགས་བོད་ཁུལ་ས་ཆ་མང་པོར་འགྲེམས་ཀྱིས། བོད་རིགས་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཡོད་ཀྱང་། ཟླ་གཅིག་གི་རྗེས་སུ་རྒྱ་གཞུང་གིས་ས་གནས་ཁག་ནས་འོད་སྡེར་དེ་ཕྱིར་བསྡུ་བྱས་ཡོད་མ་ཟད། གླུ་བ་སྐལ་བཟང་ཡར་འཕེལ་གྱིས་དགོང་ཚོགས་སྟེང་བླངས་པའི་༼བོད་པ་ཚོ༽ཞེས་པའི་གླུ་གཞས་དེ་ཆབ་སྲིད་དང་འབྲེལ་བ་ཡོད་པར་བསྙད་དེ། ཁོང་སྔ་ཕྱིར་ཐེངས་འགར་ལྷ་སར་བཀག་ཉར་འདྲི་བརྩད་བྱས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༡༤ ཡས་མས་ཤིག་ལ་ལྷ་ས་ནས་འཇུ་བཟུང་ཁྲིད་ཀྱིས། རྒྱ་ནག་ཟི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་ལྟ་སྲུང་ཁང་ཞིག་ཏུ། ལོ་གཅིག་དང་ཟླ་བཞི་ལྷག་རིང་བཀག་ཉར་འདྲི་གཅོད་བྱས་མཐར། འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༢༧ ཉིན་ཁྲིན་ཏུའུ་གྲོང་ཁྱེར་ཁྲིམས་ཁང་ཞིག་གིས་ལོ་ ༤ ཡི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་རེད།

སྐལ་བཟང་ཡར་འཕེལ་ལགས་ཀྱིས་བླངས་བའི་༼བོད་པ་ཚོ༽ ཞེས་པའི་གླུ་གཞས་ཀྱི་གཞས་ཚིག་ཆ་ཚང་ནི། ༼བོད་པ་ཚོ། ང་ཚོའི་བོད་ཡིག་སྦྱོང་། བོད་སྐད་བཤད། བོད་ཀྱི་སྐད་དང་ཡི་གེ་སྦྱོང་བའི་འོས་འགན་ང་ཚོར་ཡོད། བོད་པ་ཚོ། ང་ཚོས་མཐུན་སྒྲིལ་བྱེད། མཐུན་སྒྲིལ་བྱེད། སྟོད་སྨད་བར་གསུམ་མཐུན་སྒྲིལ་བྱས་ཏེ་རྡོག་རྩ་གཅིག་སྒྲིལ། བོད་པ་ཚོ། ང་ཚོས་སྙིང་སྟོབས་སྐྱེད། སྐྱིད་སྡུག་འདྲེས་མའི་ལོ་ཟླ་བསམ་ཏེ་ང་ཚོས་སྙིང་སྟོབས་སྐྱེད། བོད་པ་ཚོ། ང་ཚོས་བདེ་སྡུག་གླེང་། མ་འོངས་བོད་མིའི་མདུན་ལམ་བསམ་དེ་ང་ཚོས་ཕུགས་བསམ་འཚོལ། བོད་པ་ཚོ། ང་ཚོས་ལ་རྒྱ་འཛིན། ལ་རྒྱའི་ཕྲག་གདང་གཤིབ་སྟེ། ང་ཚོ་མདུན་དུ་བསྐྱོད། བོད་པ་ཚོ། ང་ཚོས་འབད་བརྩོན་བྱེད། དུས་རབས་གསར་བའི་བོད་པའི་རྒྱུད་འཛིན་ང་ཚོ་ཡིན། བོད་པ་ཚོ། ༽ ཞེས་པ་འདི་ཡིན་ཞིང་། གཞས་ཚིག་ཁྲོད་བོད་ཡིག་སྦྱོང་དགོས་པ་དང་བོད་སྐད་བཤད་དགོས་པ། ཕན་ཚུན་མཐུན་སྒྲིལ་བྱས་ཏེ་སོ་སོའི་མི་རིགས་ཀྱི་ལ་རྒྱ་འཛིན་དགོས་པའི་མི་རིགས་ཡར་སྐུལ་གྱི་བསླབ་བྱ་ཙམ་ལས། ཆབ་སྲིད་དང་འབྲེལ་ཡོད་ཀྱི་གནད་དོན་གང་ཡང་མེད་པ་རེད།

རྒྱ་གཞུང་གི་བཅའ་ཁྲིམས་ནང་དུ་སྤྱི་དམངས་ལ་སྨྲ་བརྗོད་དང་རྩོམ་འབྲི། པར་བསྐྲུན། འདུ་འཛོམས། ཚོགས་སྡེ་འཛུགས་པ། སྐད་འབོད་བྱེད་པ་བཅས་ཀྱི་རང་དབང་ཡོད་པ་གསལ་བོར་བཀོད་ཡོད་ནའང་། ཉེ་བའི་ལོ་འགའི་རིང་རྒྱ་གཞུང་གིས་བོད་ནང་གི་རྩོམ་པ་པོ་དང་གླུ་བ་གླུ་མ་མང་པོ་ཞིག་ལ་མ་ཉེས་ཁག་གཡོགས་ཀྱིས་ཆབ་སྲིད་ཉེས་མིང་བཀལ་ཏེ། གང་བྱུང་འཇུ་བཟུང་བཀག་ཉར་དང་གཅར་རྡུང་འདྲི་གཅོད། བཙོན་འཇུག་ཁྲིམས་གཅོད་སོགས་བྱེད་བཞིན་ཡོད། རྒྱ་གཞུང་གིས་བོད་མིའི་ཐོག་ལག་བསྟར་བྱེད་བཞིན་པའི་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་དེ་རིགས་ཀྱི་དམིགས་ཡུལ་ནི། བོད་མིའི་སྐད་དང་ཡི་གེ ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་མཐའ་དག་རྩ་བརླག་ཏུ་བཏང་སྟེ། བོད་མི་རྒྱ་བསྒྱུར་གྱི་མི་སེར་སྤེལ་བའི་སྲིད་ལག་བསྟར་བྱ་ཆེད་རེད། དེ་བས་བོད་དུ་ལག་བསྟར་བྱེད་བཞིན་པའི་སྲིད་རྣམས་ནི། རྒྱ་གཞུང་རང་ཉིད་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་སུ་གཏན་ལ་ཕབ་པའི་ཁྲིམས་ཀྱི་དགོངས་དོན་དང་རྒྱབ་འགལ་ཏུ་གྱུར་ཡོད་ལ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་རིན་ཐང་དང་རྩ་འགལ་ཏུ་གྱུར་ཡོད།

གླུ་བ་སྐལ་བཟང་ཡར་འཕེལ་ལགས་ནི་བོད་ནང་མང་ཚོགས་ཀྱིས་དགའ་བསུ་ཐོབ་བཞིན་པའི་གླུ་བ་སྙན་གྲགས་ཅན་ཞིག་ཡིན་ལ། མཚོ་སྔོན་བོད་སྐད་རླུང་བརྙན་འཕྲིན་གྱིས་གཙོ་སྒྲུབ་གནང་བཞིན་པའི་ལོ་སར་དགོང་ཚོགས་གཙོས། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་གླུ་གཞས་དགོང་ཚོགས་མང་པོར་མཉམ་ཞུགས་བྱེད་མྱོང་ཡོད་པ་དང་། ཁོང་གིས་སྔ་ཕྱིར་ ༼གླིང་གེ་སར་རྒྱལ་པོའི་ཕ་ཡུལ༽དང་༼དགུང་ནས་འབྲུག་གྲགས་བྱུང་།༽ ༼གཡུ་འབྲུག་སྔོན་མོའི་འཁྱུག་རྩལ།༽ ༼དཔྱིད་དཔལ་བསུ་བའི་འབྲུག་སྒྲ།༽ ༼ ཉི་ཟེར་འབོད་པའི་གངས་རི།༽ ༼དེང་རབས་ཀྱི་བོད་པ།༽ ༼གངས་ཅན་བསུ་བའི་འབྲུག་སྒྲ།༽ ༼གྲགས་སྙན་གཡུ་འབྲུག་སྔོན་མོ།༽ ༼དེང་རབས་ཁུ་བྱུག་གི་འགྱུར་ཁུགས༽སོགས་གླུ་གཞས་ཆེད་བསྒྲིགས་སྒྲ་ཐག་དང་འོད་སྡེར་མང་པོ་བོད་པའི་སྤྱི་ཚོགས་ཁྲོད་འགྲེམས་སྤེལ་བྱས་ཡོད་པ་རེད། བོད་རིགས་མང་ཚོགས་ཀྱིས་ཁོང་ལ་དེང་རབས་ཀྱི་ཁུ་བྱུག་གཞོན་ནུ་དང་བདུད་བྷེ་ཆུང་བ་སོགས་ཀྱི་མཚན་བསྟོད་བྱས་ཡོད་པ་རེད།
https://www.youtube.com/watch?v=Seh4TIQVvdI#t=41