17/02/2020

གླུ་བ་མགོན་པོ་བསྟན་འཛིན་ལགས་ལ་བཙོན་འཇུག་ཁྲིམས་ཐག་བཅད་འདུག

  •   
  •  
  •  
  •  
  •  
  •  
  •  

བོད་མདོ་ཁམས་ནགས་ཤོད་འབྲི་རུ་ནས་ཡིན་པའི་གླུ་བ་མགོན་པོ་བསྟན་འཛིན་ལགས་ལ། རྒྱ་གཞུང་གིས་ལོ་གསུམ་དང་ཟླ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

གཡོན་གྱི་པར་ནི་གླུ་བ་མགོན་པོ་བསྟན་འཛིན་འཇུ་བཟུང་འོག་མ་ཚུད་པའི་སྔོན་གྱི་འདྲ་པར་དང་། གཡས་ཕྱོགས་ཁ་རས་གཡོག་པ་ནི་ཉེན་རྟོག་པས་ཁོང་སྨན་ཁང་ནང་ཁྲིད་སྐབས་ཀྱི་འདྲ་པར་རེད།
གཡོན་གྱི་པར་ནི་གླུ་བ་མགོན་པོ་བསྟན་འཛིན་འཇུ་བཟུང་འོག་མ་ཚུད་པའི་སྔོན་གྱི་འདྲ་པར་དང་། གཡས་ཕྱོགས་ཁ་རས་གཡོག་པ་ནི་ཉེན་རྟོག་པས་ཁོང་སྨན་ཁང་ནང་ཁྲིད་སྐབས་ཀྱི་འདྲ་པར་རེད།

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། མདོ་ཁམས་ནགས་ཤོད་འབྲི་རུ་རྫོང་ནས་ཡིན་པའི་གླུ་བ་མགོན་པོ་བསྟན་འཛིན་ལགས་ལ། ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༡༥ ཉིན་རྒྱ་གཞུང་གིས་ལོ་ ༣ དང་ཟླ་ ༦ དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དང་། ཆབ་སྲིད་ཁེ་དབང་ལོ་ ༤ ལ་བཙན་འཕྲོག་བྱས་ཡོད་འདུག

འདི་ག་ལྟེ་གནས་ཁང་གིས་དེ་སྔོན་གླུ་བ་མགོན་པོ་བསྟན་འཛིན་ལགས་འཇུ་བཟུང་སྐོར་ལ་གནས་ཚུལ་བཏོན་ཡོད་པ་ལྟར། གླུ་བ་ཁོང་ནི་ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༡༡ ཚེས་ ༣༠ དགོང་མོར། རྒྱ་གཞུང་ཉེན་རྟོག་པས་ལྷ་ས་གྲོང་དུ་འཇུ་བཟུང་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་རྗེས། ད་ལྟའི་བར་ལོ་གཅིག་དང་ཟླ་ལྔ་ལྷག་གི་རིང་བཀག་ཉར་འདྲི་གཅོད་འོག་ལྷག་ཡོད་པ་རེད།

འདི་གར་གནས་ཚུལ་འབྱོར་དོན་ལྟར་ན། དུས་ཡུན་རིང་པོའི་བཀག་ཉར་འདྲི་གཅོད་སྐབས། ཁོང་ལ་སྡུག་སྦྱོང་མནར་གཅོད་བཏང་བར་བརྟེན་ནས་གཟུགས་པོར་ན་ཚ་ཕོག་ཡོད་པ་དང་། ཉེ་སྔོན་ཁོང་རྒྱ་གཞུང་ཉེན་རྟོག་པས་བསྐོར་སྲུང་འོག་སྨན་ཁང་ནང་འཁྲིད་བཞིན་པ་ས་གནས་མང་ཚོགས་ཀྱིས་མཐོང་ཡོད་པ་མ་ཟད། སྐབས་དེར་བླངས་པའི་ཁོང་གི་འདྲ་པར་ཞིག་ལག་སོན་བྱུང་ཡོད་པའི་སྟེང་དུ། གཞས་པ་མགོན་པོ་བསྟན་འཛིན་ལགས་ལ་ཁ་རས་གཡོག་བཅུག་ཡོད་པ་རེད། རྒྱུན་ལྡན་གྱི་གནས་ཚུལ་ལྟར་ན་གློ་གཅོང་གི་རིགས་དང་། ཡང་ན། ན་ཚ་ཅུང་ཉེན་ཚབས་ཅན་གྱི་རིགས་ཡིན་ཚེ་གཞན་ལ་མི་འགོས་པའི་ཆེད་ནད་པར་ཁ་རས་གཡོག་འཇུག་གི་ཡོད་པ་རེད། དེར་བརྟེན། ཁོང་ལ་ཕོག་ཡོད་པའི་ན་ཚ་དེའི་ཐད་རང་བཞིན་གྱིས་བློ་འཚབ་དང་དོགས་སློང་ཡོང་དགོས་པ་ཆགས་འདུག

རྒྱ་ནག་གཞུང་གིས་གླུ་བ་མགོན་པོ་བསྟན་འཛིན་འཇུ་བཟུང་བྱ་དགོས་པའི་རྒྱུ་མཚན་ནི། དེ་སྔོན་ཁོང་གི་ཆེད་བསྒྲིགས་གླུ་གཞས་ནང་དུ། <<གངས་ཅན་བོད་ལ་ལོ་གསར་གང་ན་ཡོད>>ཟེར་བའི་གཞས་བཏང་བ་དེར་ནག་ཉེས་བཙུགས་པ་ཞིག་ཡིན་པར་བཤད། གླུ་བ་ཁོང་ནི་དུས་རྒྱུན་བོད་མི་རིགས་ཀྱི་ལས་དབང་དང་འབྲེལ་བའི་གླུ་གཞས་ལེན་མཁན་ཞིག་ཡིན་པ་དང་། ཁོང་གིས་སྒེར་གྱི་གླུ་གཞས་ཆེད་བསྒྲིགས་འོད་སྡེར་མང་པོ་སྤྱི་ཚོགས་ཁྲོད་འགྲེམ་སྤེལ་གྱིས། རང་ཉིད་ཀྱི་སྙན་མོ་ངག་ལ་དྲངས་ཏེ་མི་རིགས་སྐད་ཡིག་དར་སྤེལ་དང་མི་རིགས་སློག་གསོ་ཡར་རྒྱས་གཏོང་དགོས་པའི་སྐོར་སྐུལ་འདེད་གནང་བཞིན་ཡོད་ལ། བོད་རིགས་མང་ཚོགས་ཀྱིས་ཀྱང་ཁོང་གི་གླུ་གཞས་ལ་དགའ་མོས་ཆེན་པོ་ཐོབ་བཞིན་ཡོད་པ་རེད།

རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱིས་མི་སེར་སྤེལ་བའི་ད་ལྟའི་ས་ཁོངས་ལྟར་བྱས་ན། གླུ་པ་མགོན་པོ་བསྟན་འཛིན་ལགས་ནི་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ་སེབ་ཁྲ་གྲོང་ཚོ་ནས་ཡིན་པ་དང་། ཁོང་གི་ཁྱིམ་དུ་ཕ་མ་གཉིས་དང་བཟའ་ཟླ་ཕྲུ་གུ་བཅས་ཡོད་འདུག དེ་སྔོན་རྒྱ་གཞུང་གིས་འཇུ་བཟུང་སྐབས་ཁོང་ལོ་ ༢༥ ཡིན་པ་དང་། ད་ལྟ་ཁོང་རང་ལོ ༢༧ ལ་སོན་ཡོད་པ་རེད།

དེ་མིན། ད་ལྟའི་ཆར་ཁམས་ནགས་ཤོད་འབྲི་རུ་རྫོང་དུ་ས་གནས་བོད་མི་མང་པོ་ཞིག་ལ་ཕྱི་ཕྱོགས་ཁ་བྲལ་ཤོག་ཁག་དང་འབྲེལ་བ་འདུག་ཟེར་ནས་དོན་མེད་འཇུ་བཟུང་བཙན་ཁྲིད་བྱེད་བཞིན་ཡོད་པའི་གནས་ཚུལ་འདུག་ལ། འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ་ནས་ཡིན་པ་ཀྲེ་བོ་དར་བཟང་དང་མཁྱེན་རབ་སོགས་ཉེ་ཆར་འཇུ་བཟུང་བྱས་ཡོད་འདུག ད་ལྟའི་ཆར་རེས་གཟའ་ལྷག་པ་དང་བོད་ཚེས་བཅོ་ལྔ། དེ་མིན་ཚེས་བཟང་བཅས་ལ་དཀར་ཟས་བསྟེན་པ་དང་གཟབ་མཆོར་སྤྲས་པ་སོགས་ལ་རྒྱ་གཞུང་གིས་ནག་ཉེས་འཛུགས་ཀྱི་ཡོད་འདུག

ཁོང་གི་གླུ་གཞས་༼གངས་ཅན་བོད་པ་ལོ་སར་གང་ན་ཡོད།༽ཞེས་པའི་གཞས་ཚིག་ཆ་ཚང་གཤམ་གསལ།

གངས་སེང་དཀར་མོ་གངས་ལ་འགྱིང་ཐག་རིང་།།
གངས་རིའི་དཔའ་བོ་གངས་ཕྱིར་སྐྱོབ་ཐབས་བྲལ།།
གངས་བུ་རྒོད་པོ་གངས་སླད་སྐྱིད་ཐབས་དབེན།།
གངས་ཅན་བོད་ལ་ལོ་སར་གང་ན་ཡོད།།

གངས་རིའི་རྩེ་ནས་ཁྱི་རྒན་ཀུ་ཅོ་འདོན།།
གངས་རིའི་སྐེད་ནས་སྤྱང་མོས་ངུ་ཟུག་བྱེད།།
གངས་རིའི་འདབས་ནས་ཝ་མོད་ཟློས་གར་འཁྲབ།།
གངས་ཅན་བོད་ལ་ལོ་སར་གང་ན་ཡོད།།

གངས་རིའི་སྙིང་ཁྲག་དྲོད་མོ་ས་ལ་གཏོར།།
གངས་རིའི་རླུང་རྟ་དཀར་པོ་ཆུ་ལ་བསྐུར།།
གངས་རིའི་ཚེ་སྲོག་དམར་པོ་མེ་རུ་སྦར།།
གངས་ཅན་བོད་ལ་ལོ་སར་གང་ན་ཡོད།།

གངས་རིའི་ངུ་སྐད་རྒྱལ་ཁམས་ཡོངས་ལ་ཁྱབ།།
གངས་རིའི་མིག་ཆུས་འཛམ་གླིང་གཡས་བསྐོར་རྒྱབ།།
གངས་རིའི་ན་ཟུག་ས་སྟེང་སུ་ཡིས་ཚོར།།
གངས་ཅན་བོད་ལ་ལོ་སར་གང་ན་ཡོད།།

གངས་རིའི་གཟི་བྱིན་སྨུག་སྤྲིན་ནག་པོས་བསྒྲིབས།།
གངས་རིའི་ལང་ཚོ་དུས་ཀྱི་ཉི་མས་གཟས།།
གངས་རིའི་འཇིག་རྟེན་ཕལ་ཆེར་འཇིག་ལ་ཉེ།།
གངས་ཅན་བོད་ལ་ལོ་སར་གང་ན་ཡོད།།

གངས་རིའི་ཐོབ་ཐང་གཞན་དབང་འོག་ན་ཡོད།།
གངས་རིའི་རང་དབང་མནར་གཅོད་ཁྲོད་དུ་ལུས།།
གངས་ཕྲུག་རྣལ་མའི་སེམས་ཤིག་ཡོད་རྒྱུ་ན།།
གངས་ཅན་བོད་ལ་ལོ་སར་གང་ན་ཡོད།།

གཞས་པ་མགོ་པོ་བསྟན་འཛིན་ལགས་ཀྱིས་བླངས་པའི་༼བཀྲ་ཤིས་ཡར་འགྲོ༽ཞེས་པའི་གླུ་གཞས་ཀྱི་དྲ་ཐག་གཤམ་གསལ།
https://www.youtube.com/watch?v=KdoWMJzwikQ