24/11/2020

གྲྭ་འཇིགས་མེད་མགོ་རིལ་ལགས་གློ་བུར་སྨན་ཁང་དུ་ཁྲིད་ཡོད་འདུག

  •   
  •  
  •  
  •  
  •  
  •  
  •  

jigme-guri-picགྲྭ་འཇིགས་མེད་རྒྱ་མཚོའམ་ཡོངས་གྲགས་སུ་འཇིགས་མེད་མགོ་རིལ་ལགས་བཙོན་འཇུག་དུས་ཡུན་རྫོགས་ལ་ཉེ་བའི་སྐབས་དང་བསྟུན་ནས།  གློ་བུར་ལན་ཀྲི་ཏཱ་ཞ་ཕིན་བཙོན་ཁང་གི་སྨན་ཁང་ནང་ཁྲིད་ཡོད་སྟབས། ཁོང་གི་ནང་མི་དང་སློབ་ཕྲུག་དག་ལ་བློ་འཚབ་དང་དོགས་སློང་ཤུགས་ཆེན་པོ་བྱུང་འདུག

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། བླ་བྲང་རྒྱུད་སྟོད་གྲྭ་ཚང་གི་དགེ་འདུན་པ་འཇིགས་མེད་རྒྱ་མཚོའམ། སྤྱི་ཚོགས་ཐོག་ཡོངས་གྲགས་སུ་འཇིགས་མེད་མགོ་རིལ་ཞེས་འབོད་པ་ཁོང་ལ་རྒྱ་གཞུང་གིས་༼རྒྱལ་ཁབ་ཁ་བྲལ་གྱི་ལས་འགུལ་སྤེལ་བའི་༽ཉེས་འཛུགས་འོག་ལོ་ ༥ ཁྲིམས་བཅད་དེ་བཙོན་འཇུག་བྱས་ཡོད་པ་ལྟར། ༢༠༡༦ ཕྱི་ཟླ་ ༣ པའི་ཟླ་མགོར་བཙོན་ཁང་གི་འབྲེལ་ཡོད་མི་སྣས་གྲྭ་འཇིགས་མེད་རྒྱ་མཚོ་ཁོང་ད་ལྟ་ལན་ཀྲིག་ཏཱ་ཞའ་ཕིན་བཙོན་ཁང་གི་སྨན་ཁང་ནང་ཁྲིད་ཡོད་པའི་གནས་ཚུལ་ཞིག་ཁོང་གི་ནང་མིར་ཁ་པར་བརྒྱུད་བརྡ་ལན་འབྱོར་ཡོད་འདུག

རྒྱ་གཞུང་གིས་བོད་མི་བཙོན་པ་མང་པོ་ཞིག་ལ་བཙོན་འཇུག་སྐབས་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་སྟེ་རིག་འཚོ་མི་ཐུབ་པ་བཟོ་བཞིན་ཡོད་པ་མ་ཟད།  ལྷག་པར་དུ་བོད་མི་བཙོན་པ་རྣམས་བཙོན་འཇུག་དུས་ཡུན་རྫོགས་ལ་ཉེ་བའི་སྐབས། གཟུགས་པོར་ནད་ཚ་གང་ཡང་མེད་ནའང་བཙན་གྱིས་སྨན་ཁང་དུ་ཁྲིད་དེ་དུག་ཁབ་སོགས་བརྒྱབ་སྟེ། བཙོན་གྲོལ་ཐོབ་རྗེས་དུས་ཡུན་རིང་པོར་འཚོ་གནས་མི་ཐུབ་པར་འདས་གྲོངས་སུ་འགྱུར་གྱིན་པའི་ཡ་ང་བའི་གནས་ཚུལ་བྱུང་གིན་ཡོད། དེ་བཞིན། གྲྭ་འཇིགས་མེད་རྒྱལ་མཚོ་ལགས་ལ་དེ་སྔོན་དམིགས་བསལ་ཛ་དྲག་ན་ཚ་དེ་འདྲ་ཡོད་པའི་གནས་ཚུལ་གང་ཡང་མེད་པ་དང་།   ཕྱི་ལོ་ ༢༠༡༦ ཕྱི་ཟླ་ ༩ པའི་ནང་ལོ་ལྔའི་ཁྲིམས་ཆད་དུས་ཡུན་ཡོངས་སུ་རྫོགས་ཏེ་གློད་གཏོང་དགོས་ཆགས་ཀྱི་ཡོད་པ་མ་ཟད། སྤྱིར་བཏང་ངལ་རྩོལ་བའི་ལས་ཀའི་སྐར་མ་བསགས་ནས་བཙོན་འཇུག་གི་དུས་ཡུན་ཉུང་འཕྲི་བྱེད་ལུགས་ཤིག་ཡོད་པ་ལྟར། ལག་ལེན་དགོས་ལུགས་ཞེས་གྲྭ་འཇིགས་མེད་ལགས་ཀྱིས་ཁྲིམས་ཁང་མི་སྣར་ཞུས་ཀྱང་དེ་ལ་ཉན་འཇོག་བྱས་མེད་པ་རེད། གལ་སྲིད་དེ་ལག་ལེན་བྱས་ཚེ་ ༢༠༡༦ ཕྱི་ཟླ་ ༢ པའི་ནང་བཙོན་གྲོལ་ཐོབ་དགོས་ཀྱི་ཡོད་པ་རེད། དེ་ལྟར་ཁོང་གི་བཙོན་འཇུག་དུས་ཡུན་རྫོགས་ལ་ཉེ་བའི་སྐབས་དང་བསྟུན་ནས། རྒྱུ་མཚན་གསལ་བ་མེད་པར་གློ་བུར་བཙོན་ཁང་གི་སྨན་ཁང་ནང་ཁྲིད་པ་དེ་ནི་ཧ་ཅང་འཇིགས་ཡེར་བའི་དོགས་གཞི་ཞིག་ཆགས་ཀྱི་ཡོད་སྟབས། ཁོང་གི་ནང་མི་དང་སློབ་མ་རྣམས་ལ་སེམས་འཚབ་ཆེན་པོ་ཡོང་གིན་ཡོད།

དེའི་རྒྱུ་མཚན་ནི་གྲྭ་འཇིགས་མེད་རྒྱ་མཚོ་ལགས་ལ་བཙོན་འཇུག་ཁྲིམས་ཐག་བཅད་པའི་རྗེས་སུ།  ཟླ་རེ་ལ་ཐེངས་རེར་ནང་མི་ཐུག་འཕྲད་དུ་འགྲོ་ཆོག་ཡོད་པ་རེད།  ཐུག་འཕྲད་སྐབས་ཟ་མ་བསྐྱལ་འཇུག་གི་མེད་པ་མ་ཟད། ཁ་པར་བརྒྱུད་སྐར་ཆ་ ༢༠ རེར་མ་གཏོགས་སྐད་ཆའང་བཤད་འཇུག་གི་མེད་པ་རེད། ཡིན་ནའང་། ཕྱི་ལོ་ ༢༠༡༦ ཕྱི་ཟླ་ ༡ ཚེས་ ༢༥ ཉིན་ནང་མིར་ཐུག་འཕྲད་བྱུང་སྐབས། གྲྭ་འཇིགས་མེད་རྒྱ་མཚོ་ལགས་ཀྱིས། ༼ང་རང་སྨན་ཁང་ལ་འཁྲིད་རྒྱུ་ཡིན་པའི་སྐད་ཆ་ཞིག་འདུག་པས། དེ་ལ་དོ་སྣང་བྱོས།༽ཞེས་དངོས་སུ་ཁོང་གི་ནང་མིར་བཤད་ཡོད་པ་རེད། དེའི་རྗེས་ནས་བཟུང་ད་ལྟའི་བར་དུ་ནང་མིར་ཐུག་འཕྲད་བྱེད་བཅུག་མེད་པ་མ་ཟད། ཉེ་སྔོན་ཁོང་གློ་བུར་སྨན་ཁང་ནང་ཁྲིད་ཡོད་སྐོར་ནང་མིར་བརྡ་ལན་བཏང་ཡོད་པར་བརྟེན། འདི་ག་ལྟེ་གནས་ཁང་གི་ངོས་ནས་ཀྱང་གནས་ཚུལ་དེའི་ཐད་སེམས་འཚབ་དང་དོགས་སློང་ཤུགས་ཆེན་པོ་བྱེད་ཀྱིན་ཡོད་ལ། རྒྱ་གཞུང་འབྲེལ་ཡོད་སྡེ་ཁག་ནས་གྲྭ་འཇིགས་མེད་རྒྱ་མཚོ་ལགས་གློ་བུར་སྨན་ཁང་ནང་ཁྲིད་དགོས་པའི་རྒྱུ་མཚན་གསལ་ཁ་བཟོ་དགོས་པའི་འབོད་སྐུལ་བྱེད་བཞིན་ཡོད།

དེ་བཞིན། རྒྱ་གཞུང་གི་བཙོན་ཁང་ནང་བོད་མི་ཆབ་སྲིད་བཙོན་པ་རྣམས་ལ་སྡུག་སྦྱོང་མནར་གཅོད་བཏང་སྟེ་རིགས་འཚོ་མི་ཐུབ་བ་བཟོ་བཞིན་པ་དང་། ལྷག་པར་དུ་བཙོན་འཇུག་དུས་ཡུན་རྫོགས་ལ་ཉེ་སྐབས་དུག་ཁབ་རྒྱག་པ་སོགས་མི་སྤྱོད་ལས་འདས་པའི་བྱ་སྤྱོད་སྤེལ་ཏེ།  བོད་མི་བཙོན་པ་རྣམས་ཕྱིར་རང་ཁྱིམ་དུ་ལོག་རྗེས་དུས་ཡུན་རིང་པོར་འཚོ་གནས་མི་ཐུབ་པར་འདས་གྲོགས་འགྲོ་བཞིན་པའི་གནས་སྟངས་འདི་རིགས་ནི།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཁྲིམས་སྒྲིག་དང་སྤྱི་ཆིངས་ཁག་རྡོག་རོལ་བཏང་བ་དང་། རྒྱ་གཞུང་རང་ཉིད་ཀྱིས་བཅའ་ཁྲིམས་ཁག་གི་ཁས་ལེན་དམ་བཅའ་དང་རྒྱབ་འགལ་ཆགས་ཡོད་པས།  རྒྱལ་སྤྱིའི་ཚོགས་ཀྱི་ངོས་ནས་རྒྱ་གཞུང་གི་མི་སྤྱོད་ལས་འདས་པའི་གདུག་སྤྱོད་འདི་རིགས་ཐད་དོ་སྣང་དང་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད།

བོད་མདོ་སྨད་བླ་བྲང་དགོན་པ་ནས་ཡིན་པའི་གྲྭ་འཇིགས་མེད་རྒྱ་མཚོ་ཁོང་རྒྱ་གཞུང་སྔ་ཕྱིར་ཐེངས་བཞི་ལ་འཇུ་བཟུང་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༢༠ ཉིན་འཛིན་བཟུང་བྱས་པ་དེ་ནི་མཐའ་མཇུག་གི་འཇུ་བཟུང་ཐེངས་བཞི་པ་དེ་ཆགས་ཡོད། དེ་རྗེས་ཡུན་རིང་བཀག་ཉར་བྱས་མཐར་༼རྒྱལ་ཁབ་ཁ་བྲལ་གྱི་ལས་འགུལ་སྤེལ་བའི་༽ཉེས་འཛུགས་འོག་ལོ་ ༥ བཙོན་འཇུག་ཁྲིམས་ཐག་བཅད་དེ།  རྒྱ་ནག་ལན་ཀྲུ་གྲོང་ཁྱེར་ཏཱ་ཞ་ཕིན་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་རེད།

Select Language