31/05/2020

གྲྭ་ཚངས་དབྱངས་རྒྱ་མཚོར་ལོ་ ༡༢ བཙོན་འཇུག་ཁྲིམས་ཐག་བཅད་འདུག

  •   
  •  
  •  
  •  
  •  
  •  
  •  
རྒྱ་གཞུང་གིས་ལོ་ ༡༢ བཙོན་ཐག་བཅད་ཟིན་པའི་ཁྲི་རུ་དྲིལ་མདའ་དགོན་པའི་དབུ་མཛད་ཚངས་དབྱངས་རྒྱ་མཚོ་ལགས།
རྒྱ་གཞུང་གིས་ལོ་ ༡༢ བཙོན་ཐག་བཅད་ཟིན་པའི་ཁྲི་རུ་དྲིལ་མདའ་དགོན་པའི་དབུ་མཛད་ཚངས་དབྱངས་རྒྱ་མཚོ་ལགས།

རྒྱ་གཞུང་གིས་ཁམས་སོག་རྫོང་ཁྲི་རུ་དྲིལ་མདའ་དགོན་པའི་གྲྭ་ཚངས་དབྱངས་རྒྱ་མཚོ་ལགས་ལ། རྒྱ་ནག་ལ་ངོ་རྒོལ་བྱ་དགོས་པའི་སྐུལ་སློང་བྱས་པའི་བྱས་མིང་འོག ལོ་ ༡༢ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ། ད་ལྟའི་ཆར་ལྷ་ས་ཆུ་ཤུར་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་འདུག

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡ ཉིན། རྒྱ་གཞུང་གིས་གྲྭ་ཚངས་དབྱངས་རྒྱ་མཚོ་ལགས་ལ་རྒྱ་ནག་ལ་ངོ་རྒོལ་བྱ་དགོས་པའི་སྐུལ་སློང་བྱས་པའི་ནག་ཉེས་མིང་འོག ལོ་ ༡༢ ཀྱི་དུས་བཀག་བཙོན་འཇུག་ཁྲིམས་ཐག་བཅད་རྗེས། ལྷ་ས་ཆུ་ཤུར་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་དང་། ཁོང་ལ་ཁྲིམས་ཐག་གཅོད་སྐབས་ནང་མི་ཉེ་འབྲེལ་སུ་ལའང་ཤེས་སུ་མ་བཅུགས་པར། ཁྲིམས་ཐག་བཅད་ནས་ཉིན་ ༡༥ ཕྱིན་པའི་རྗེས་ནས། ད་གཟོད་སོག་རྫོང་ཁྲི་རྡོ་ཡུལ་ཚོ་རུ་ཡོད་པའི་ནང་མིར། གྲྭ་ཚངས་དབྱངས་རྒྱ་མཚོ་ལགས་ལ་ཁྲིམས་ཐག་བཅད་ཟིན་པའི་སྐོར་གྱི་ཡི་གེ་ཞིག་སྤྲད་ཡོད་འདུག

རྒྱ་གཞུང་གིས་གྲྭ་ཚངས་རྒྱ་མཚོའི་ནང་མིར་སྤྲད་པའི་ཁྲིམས་བཅད་ཡི་གེ་དེའི་ནང་། ཁོང་ལ་ཁྲིམས་ཐག་བཅད་དེ་ཟླ་གསུམ་མ་ཕྱིན་པའི་བར་དུ། ནང་མི་རྣམས་བཙོན་ཁང་ནང་ཁོང་ལ་ཐུག་འཕྲད་དུ་བསྐྱོད་མི་ཆོག་པ་དང་། ཟླ་གསུམ་གྱི་རྗེས་ནས་ཀྱང་བཙོན་ཁང་ནང་ཁོང་ལ་ཐུག་འཕྲད་ཆེ་བསྐྱོད་མཁན་རྣམས་ཀྱིས། སོ་སོའི་ཐོབ་ཐབ་ལག་ཁྱེར་བཟུང་སྟེ་ཁྲི་རྡོ་ཡུལ་ཚོ་དང་སོག་རྫོང་བཅས་ས་གནས་རྒྱ་གཞུང་ནས། རིམ་པ་བཞིན་འགན་ལེན་ཡི་གེ་ལེན་དགོས་པའི་སྐོར་འཁོད་ཡོད་འདུག

དེ་སྔོན་རྒྱ་གཞུང་གིས་གྲྭ་ཚངས་དབྱངས་རྒྱ་མཚོ་ལགས་འཇུ་བཟུང་བྱས་པའི་སྐོར། འདི་ག་ལྟེ་གནས་ཁང་གིས་སྐབས་ཐོག་གནས་ཚུལ་བཏོན་ཡོད་པ་ལྟར། ཕྱི་ལོ་༢༠༡༤ ཟླ་༣ ཚེས་༡༧ གྱི་མཚན་མོ། ཁམས་སོག་རྫོང་ཁྲི་རུ་དྲིལ་མདའ་དགོན་པའི་གྲྭ་ཚངས་དབྱངས་རྒྱ་མཚོ་དང་ཚེ་དབང་། ཨ་ཚེ། རྒྱལ་མཚན་བཅས་ཁོང་ ༤ རྒྱ་གཞུང་གིས་འཇུ་བཟུང་བཙན་འཁྲིད་བྱས་ཡོད་པ་དང་། གྲྭ་ཚངས་དབྱངས་རྒྱ་མཚོ་ལགས་ནི་ཁྲི་རུ་དྲིལ་མདའ་དགོན་པའི་དབུ་མཛད་ཡིན་པ་རེད།

སྐབས་དེར་ཁོང་ཚོ་འཇུ་བཟུང་བྱེད་དགོས་དོན་གང་ཡིན་ཤེས་རྟོགས་ཐུབ་མེད་པ་མ་ཟད། ད་བར་འབྲེལ་ཡོད་ནང་མི་རྣམས་ནས་ཁོ་ཚོ་གར་ཡོད་ཀྱི་གནས་ཚུལ་ཤེས་རྟོགས་མ་ཐུབ་ལྷག་ཡོད་པ་རེད། ཉེ་ཆར་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱ་གཞུང་གིས་གྲྭ་ཚངས་དབྱངས་མཚོ་ལགས་འདས་པའི་ཟླ་ ༦ ལྷག་རིང་འཇུ་བཟུང་བཀག་ཉར་བྱས་མཐར། ཁོང་ལ་ཕྱི་ཕྱོགས་སུ་འབྲེལ་བ་བྱས་པ་དང་དགེ་འདུན་པ་གཞན་ཚོར་རྒྱ་ནག་ལ་ངོ་རྒོལ་བྱ་དགོས་པའི་སྐུལ་སློང་བྱས་ཡོད་པའི་ཉེས་འཛུགས་འོག་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་མ་ཟད། བཙོན་འཇུག་ཁྲིམས་ཐག་བཅད་ནས་ཉིན་ ༡༥ རྗེས་ནས་མ་གཏོགས་ནང་མི་ཉེ་འབྲེལ་ཚོར་གནས་ཚུལ་གང་ཡང་ཤེས་རྟོགས་བྱེད་བཅུགས་མེད་པ་རེད། ད་དུང་ཡང་ཁོང་དང་མཉམ་དུ་འཇུ་བཟུང་བྱས་པའི་གྲྭ་ཚེ་དབང་དང་ཨ་ཚེ། རྒྱལ་མཚན་གསུམ་གྱི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

གཞན་ཡང་། སྐབས་དེ་དུས་སོག་རྫོང་ཙན་དན་དགོན་པའི་རང་ལོ་ ༢༠ ཡིན་པའི་གྲྭ་ཆོས་དབྱིངས་སྐལ་ལྡན་ལགས་ཀྱིས། ཁ་པར་འཕྲིན་ཐུང་བརྒྱུད་རྒྱ་གཞུང་ལ་ངོ་རྒོལ་གྱི་རྩོམ་ཡིག་ཅིག དགོན་པའི་ནང་གི་ལས་དོན་འགོ་ཁྲིད་ཚོའི་ཁ་པར་སྟེང་བསྐུར་བར་བརྟེན་ནས། ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༦ ཉིན་རྒྱ་གཞུང་གིས་ཁོང་འཇུ་བཟུང་བཙན་འཁྲིད་བྱས་རྗེས། ད་ལྟའི་བར་གར་ཡོད་ཤེས་རྟོགས་མེད་པར་ལྷག་ཡོད། དེ་བཞིན། དགོན་པ་དེ་གའི་རང་ལོ་ ༢༠ ཡིན་པའི་གྲྭ་དགེ་འདུན་གྲགས་པ་ལགས་ཀྱིས། ཙན་དན་དགོན་པའི་ནང་དུ་རྒྱ་གཞུང་གི་རྒྱལ་དར་མེར་སྲེག་དང་། དགོན་པའི་བཅའ་སྡོད་ལས་བྱེད་ཀྱི་སྒོ་ངོས་སུ་༼བོད་རང་བཙན་ཡིན༽ཞེས་པའི་ཡི་གེ་བྲིས་པར་བརྟེན་ནས། རྒྱ་གཞུང་གིས་ཁོང་འཇུ་བཟུང་བཙན་འཁྲིད་བྱས་རྗེས། ཁོང་གི་གནས་ཚུལ་གང་ཡང་ཤེས་རྟོགས་མེད་པར་གྱུར་ཡོད། གོང་གསལ་གྲྭ་བ་དེ་དག་ནི། སྐབས་དེར་རྒྱ་གཞུང་གིས་དགོན་པ་དང་གྲོང་སྡེ་ཁག་ཏུ་བཙུན་གྱིས་རྒྱ་གཞུང་གི་རྒྱལ་དར་བསྒྲེགས་འཛུགས་བྱེད་བཅུག་པར་བརྟེན་ནས། ས་གནས་སེར་སྐྱ་མང་ཚོགས་ཀྱིས་རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་དེར་ཞི་བའི་ངོ་རྒོལ་རིམ་པའི་བྱུང་བའི་གྲས་ཆགས་ཡོད།