30/10/2020

གྲྭ་བློ་བཟང་སྐལ་བཟང་ལགས་རྒྱ་གཞུང་གིས་འཇུ་བཟུང་བཙན་འཁྲིད།

  •   
  •  
  •  
  •  
  •  
  •  
  •  

བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་སྐལ་བཟང་གིས་ཞི་བའི་སྐད་འབོད་གོམ་བགྲོད་བྱས་སྐབས། རྒྱ་གཞུང་ཉེན་རྟོག་པས་ཁོང་འཇུ་བཟུང་བཙན་འཁྲིད་བྱས་ཡོད་པ་དང་། སྐབས་དེར་ས་གནས་མང་ཚོགས་ཀྱིས་ངོ་རྒོལ་སྐད་འབོད་བྱས་པར། ཉེན་རྟོག་པས་ཁྲབ་ཆས་གོན་ནས་མང་ཚོགས་ལ་འཇུག་སྐུལ་བྱས་ཡོད་པ་རེད།

རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བཙན་ཁྲིད་བྱས་པའི་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་སྐལ་བཟང་ལགས།
རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བཙན་ཁྲིད་བྱས་པའི་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་སྐལ་བཟང་ལགས།

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༧ ཉིན་གྱི་བོད་ནང་གི་ཕྱི་དྲོའི་དུས་ཚོད་ ༣ ཙམ་ལ་བོད་མདོ་སྨད་རྔ་པ་ཀིརྟི་དགོན་གྱི་གྲྭ་བློ་བཟང་སྐལ་བཟང་ལགས་ཀྱིས། རྔ་པ་རྫོང་མཁར་གྱི་སྲང་ལམ་དུ་ ༼བོད་ཁ་བ་ཅན་ལ་རང་དབང་དགོས། རྒྱལ་དབང་བསྟན་འཛིན་རྒྱ་མཚོ་ཁྲི་ལོ་བརྟན་པར་ཤོག༽ ཅེས་སྐད་འབོད་གོམ་བགྲོད་བྱས་ཏེ། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་བསྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་སྐད་འབོད་གནང་སྟེ་གོམ་བགྲོད་བྱས་སྐབས། རྒྱ་གཞུང་གི་ཉེན་རྟོག་པ་རྣམས་ཀྱིས་ཁོང་བཙན་ཁྲིད་བྱས་ཡོད་པ་རེད། ད་ལྟའི་ཆར་ཁོང་གར་ཡོད་གང་བྱུང་གི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

གྲྭ་བློ་བཟང་སྐལ་བཟང་ལགས་ནི་ད་ལྟ་རང་ལོ་ ༡༩ ཡིན་པ་དང་། རྔ་པ་རྫོང་རྨེའུ་རུ་མ་རུ་ཆེན་གཉིས་པའི་ཕ་ཚེ་རིང་བརྟན་ཁོ་དང་མ་ལྷ་སྐྱིད་གཉིས་ལ་བུ་མུ་མོ་བཞི་ཡོད་པའི་ནང་ནས་གཉིས་པ་ཡིན་འདུག ཆུང་ཆུང་སྐབས་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཏེ། ༢༠༡༤ ལོར་སྔོན་འགྲོའི་འཛིན་གྲྭ་མཐར་ཕྱིན་ནས་དེང་སྐབས་མཚན་ཉིད་ཀྱི་འཛིན་གྲྭ་ཁ་དོག་དཀར་དམར་ཡིན་འདུག

ལོ་སྔོན་མར་ཁོང་གི་ཤག་རོགས་དང་མ་སྤུན་ཡིན་པའི་བློ་བཟང་བསྟན་པ་ལགས་ཀྱིས་རྔ་པའི་སྲང་ལམ་ནས་ངོ་རྒོལ་སྐད་འབོད་གནང་རྗེས། རྒྱ་གཞུང་གིས་ཁོང་ལ་ལོ་ ༢ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ནས་དེང་སྐབས་རྒྱ་གཞུང་གི་བཙོན་ཁང་ཞིག་ཏུ་ཡོད་འདུག ༢༠༠༨ ལོར་ཁོང་གི་ཞང་བོ་ཚེ་བདག་དང་ཆོས་འཕེལ་གཉིས་ལ་རྒྱ་གཞུང་གིས་ལོ་ ༦ དང་ ༤ བཅས་ཀྱི་བཙོན་འཇུག་བྱས་མྱོང་ཡོད་པ་རེད། དེ་ལྟར་ཁོང་གི་ཉེ་འབྲེལ་ནང་མི་མང་པོར་སྔ་རྗེས་རྒྱ་གཞུང་གིས་བཙོན་འཇུག་མནར་གཅོད་བཏང་བ་རྣམས་ཁོང་གིས་དངོས་སུ་མཐོང་བའི་གནས་ཚུལ་ཆགས་ཡོད་པ་རེད།

འདི་ག་ལྟེ་གནས་ཁང་ལ་གོང་གསལ་གནས་ཚུལ་སྐོར་གྱི་བརྙན་ཐུང་བཞི་འབྱོར་བའི་ནང་མཐོང་ཐུབ་པ་ནི། གྲྭ་བློ་བཟང་སྐལ་བཟང་ལགས་ཀྱིས་སྐུ་པར་ཞིག་ལག་པ་གཉིས་ཀྱིས་མཐོན་པོར་འཕྱར་ཏེ། ཁྲོམ་སྲང་དུ་སྐད་འབོད་གོམ་བགྲོད་བྱེད་སྐབས་གློ་བུར་དུ་ཉེན་རྟོག་པ་བཅུ་གྲངས་ཤིག་རྒྱུགས་ཡོང་སྟེ་ཁོང་འཇུ་བཟུང་བཙན་འཁྲིད་བྱས་ཤིང་། ཁོང་གི་ལག་པའི་སྐུ་པར་ཡང་བཙན་འཕྲོག་གིས་སར་ཟགས་ནས་གས་ཆག་བཏང་རྗེས་ཉེན་རྟོག་པ་ཞིག་ཁྱེར་ཕྱིན་སོང་། སྐབས་དེར་ས་གནས་མང་ཚོགས་ཀྱིས་ངོ་རྒོལ་གྱི་རྣམ་པས་སྐད་འབོད་བྱས་ཡོད་པ་མ་ཟད། མང་ཚོགས་རྣམས་ཉེན་རྟོག་ཁང་དེའི་སྒོ་ཁར་འདུ་འཛོམས་ཀྱིས་ཀུ་བཏབ་ནས་སྐད་འབོད་བྱེད་སྐབས། ཉེན་རྟོག་པ་དཔུང་ཤོག་གཅིག་གིས་ཉེན་སྲུང་ཁྲབ་ཆས་དང་ལག་ཆ་བཟུང་ནས་མང་ཚོགས་ཁྲོད་རྒྱུགས་ནས་གཅར་རྡུང་དང་འཇིགས་རྔམ་བསྟན་ནས་མང་ཚོགས་ཕྱིར་འདེད་བྱེད་བཞིན་པའང་མཐོང་ཐུབ་ཀྱི་འདུག དེར་མ་ཟད། ས་གནས་བོད་རིགས་བུད་མེད་ཅིག་གིས་རྒྱལ་དབང་རིན་པོ་ཆེ་མཁྱེན་ཞེས་གསོལ་བ་འདེབས་བཞིན། ༼ད་ནི་དམག་གིས་འདུག་གི་མི་འཇོག་གི ཧ་ནི་བསད་འགྲོ་གི་འདུག ༽ཅེས་བརྗོད་ཀྱིན་པའང་ཐོས་ཐུབ།

དེ་བཞིན་གནས་ཚུལ་ཡོང་ཁུངས་ནས་བརྗོད་པ་ལྟར་ན། སྐབས་དེར་རྔ་པའི་སྲང་ལམ་ནས་མི་སྐྱ་ཞིག་ཀྱང་ཉེན་རྟོག་པས་འཛིན་བཟུང་བྱས་པའི་གནས་ཚུལ་འདུག་ཀྱང་། ཁོང་གི་མིང་དང་ཕ་ཡུལ་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱུང་ཐུབ་མེད་པ་རེད།