08/08/2020

གྲྭ་བློ་བཟང་ཚེ་རིང་གིས་ཞི་བའི་ངོ་རྒོལ་སྐབས་འཇུ་བཟུང་བཙན་ཁྲིད་བྱས་འདུག

  •   
  •  
  •  
  •  
  •  
  •  
  •  

01 Lobsang Tsering 16.6.7བོད་མདོ་སྨད་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཚེ་རིང་ལགས་ཀྱིས་རྫོང་མཁར་གཞུང་ལམ་དུ། ཞི་བའི་ཞི་བའི་སྐད་འབོད་གོམ་བགྲོད་ཀྱིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་བསྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ངོ་རྒོལ་བྱས་འདུག

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༧ ཉིན་གྱི་བོད་ནང་གི་ཕྱི་དྲོའི་དུས་ཚུད་ ༤ ཙམ་ལ་བོད་མདོ་སྨད་རྔ་བ་ཀིརྟི་དགོན་པའི་རང་ལོ་ ༢༠ ཡིན་པའི་དགེ་འདུན་པ་བློ་བཟང་ཚེ་རིང་ལགས་ཀྱིས། ༸གོང་ས་མཆོག་གི་སྐུ་པར་ཆེན་པོ་ཞིག་གནམ་ལ་འཕྱར་ནས་ “རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོ་བརྟན་པར་ཤོག བོད་ལ་རང་དབང་དགོས” ཞེས་པའི་འབོད་ཚིག་སྒྲོག་བཞིན། རྔ་བ་རྫོང་མཁར་གྱི་གཞུང་ལམ་དུ་ཞི་བའི་སྐད་འབོད་གོམ་བགྲོད་གནང་ཡོད་པ་དང་། གནས་ཚུལ་དེ་བྱུང་མ་ཐག་ས་གནས་ཉེན་རྟོག་པ་རྣམས་ཀྱིས་ཁོང་འཇུ་བཟུང་བཙན་ཁྲིད་བྱས་འདུག ད་ལྟའི་ཆར་གང་དུ་བཀག་ཉར་བྱས་ཡོད་མེད་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

རྒྱ་གཞུང་གིས་བོད་ལ་བཙན་འཛུལ་དབང་བསྒྱུར་བྱས་ནས་ལོ་དྲུག་ཅུ་ལྷག་ཕྱིན་པའི་དུས་ཡུན་རིང་། རྔ་བ་ས་ཁུལ་དུ་རྒྱ་གཞུང་གི་དྲག་གནོན་དབང་བསྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་མཚམས་མ་ཆད་པར་བྱུང་ཡོད། ལྷག་པར་དུ་ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་སྐབས། རྔ་པ་རྫོང་དུ་རྒྱ་གཞུང་གིས་བོད་མིའི་ཞི་རྒོལ་ལ་དམར་གསོད་དྲག་གནོན་གྱི་དོན་རྐྱེན་ཛ་དྲག་བྱུང་ཡོད་པ་དང་། དེ་རྗེས་ཀྱི་བོད་མིས་རང་ལུས་མེར་བསྲེག་གི་ཞི་བའི་ངོ་རྒོལ་ལས་འགུལ་ཁྲོད་དུའང་། རྔ་བ་ས་ཁུལ་ནི་རང་ལུས་མེར་བསྲེག་གཏོང་མཁན་མང་ཤོས་ཆགས་ཡོད།

རྒྱ་གཞུང་གིས་བོད་ས་ཡོངས་སུ་དམག་མི་དང་གསང་བའི་ལས་བྱེད་ཕོན་ཆེན་འགྲེམས་འཇོག་གིས། བོད་མི་རྣམས་ལ་འདུ་བའི་འདུ་འཛོམས་དང་སྨྲ་བརྗོད་རང་དབང་། པར་བསྐྲུན་དང་འགྲུལ་བསྐྱོད་རང་དབང་སོགས་བཀག་སྡོམ་ནན་མོ་བྱས་ཏེ། མང་ཚོགས་ཀྱི་མངོན་འདོད་གསལ་སྟོན་གྱི་གོ་སྐབས་གང་ཡང་མེད་པ་བཟོས་ཡོད་སྟབས། བོད་མི་རྣམས་འ་ཆད་འུ་ཐུག་གི་གནས་སྟངས་འོག་ལྷུང་སྟེ། མི་སྒེར་རྐྱང་པ་ཁྲོན་ལ་ཐོན་ཏེ་ཞི་བའི་ངོ་རྒོལ་བྱ་དགོས་ཆགས་ཡོད།

གྲྭ་བློ་བཟང་ཚེ་རིང་ལགས་ནི་ལྷ་སྡེ་འགབ་མའི་ཕ་ཤེས་རབ་(མཚང་མིང་ལ་སྔོ་རས་ཟེར་)དང་། མ་གཡུ་ཁོ་གཉིས་ཀྱི་བུ་ཡིན་ཞིང་། རྔ་བ་ཀིརྟི་དགོན་གྱི་གྲྭ་ཚང་བཞིའི་ཡ་གྱལ་དུས་འཁོར་གྲྭ་ཚང་གི་གྲྭ་པ་ཡིན་འདུག