14/04/2021

གྲྭ་བསྟན་འཛིན་ལྷུན་གྲུབ་ལ་ལོ་ ༡༢ ཁྲིམས་ཐག་བཅད་འདུག

  •   
  •  
  •  
  •  
  •  
  •  
  •  
རྒྱ་གཞུང་གིས་ལོ་ ༡༢ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཟིན་པའི་གྲྭ་བསྟན་འཛིན་ལྷུན་གྲུབ་ལགས།
རྒྱ་གཞུང་གིས་ལོ་ ༡༢ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཟིན་པའི་གྲྭ་བསྟན་འཛིན་ལྷུན་གྲུབ་ལགས།

རྒྱ་གཞུང་གིས་ཁམས་འབྲི་རུའི་གྲྭ་བསྟན་འཛིན་ལྷུན་གྲུབ་ལགས་འཇུ་བཟུང་བཙན་འཁྲིད་ལོ་གཅིག་རིང་བཀག་བསྐྱིལ་བྱས་མཐར། འདི་ལོའི་ཕྱི་ཟླ་ ༥ ནང་ལྷ་ས་རུ་ལོ་ ༡༢ དུས་བཀག་བཙོན་འཇུག་ཁྲིམས་ཐག་བཅད་འདུག

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༥ ཕྱི་ཟླ་ ༥ ནང་གཞུང་གིས་ལྷ་ས་རུ་ཁམས་འབྲི་རུ་རྫོང་ཆུ་གཉིས་ཡུལ་ཚོ་(རླན་ཆུ་) དགོན་གསར་དགོན་པའི་གྲྭ་བསྟན་འཛིན་ལྷུན་གྲུབ་ལ་ལོ་ ༡༢ ཀྱི་དུས་བཀག་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག ཁོང་ལ་ནག་ཉེས་ཅི་ཞིག་བཀལ་ཏེ་ཁྲིམས་གཅོད་བྱས་མིན་དང་། ད་ལྟ་བཙོན་ཁང་གང་དུ་བཙོན་འཇུག་བྱས་ཡོད་མེད་སོགས་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

ནམ་རྒྱུན་རྒྱ་གཞུང་གིས་བོད་མི་ཚོར་བཙོན་འཇུག་ཁྲིམས་ཐག་གཅོད་སྐབས། ཁྲིམས་ལུགས་ནང་གཏན་འབེབས་བྱས་པ་གཞིར་བཟུང་ཁྲིམས་ཞིབ་བྱེད་ཀྱིན་མེད་པར། གསང་བའི་ཐོག་ནས་ཁྲིམས་ཐག་གཅོད་བཞིན་ཡོད་པ་རེད། གྲྭ་བསྟན་འཛིན་ལྷུན་གྲུབ་ལགས་ལ་མཚོན་ནའང་ལོ་གཅིག་ལྷག་རིང་བཀག་ཉར་བྱས་མཐར་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

དེ་སྔོན་འདི་ག་ལྟེ་གནས་ཁང་གིས་གྲྭ་བསྟན་འཛིན་ལྷུན་གྲུབ་ལགས་རྒྱ་གཞུང་གིས་འཇུ་བཟུང་བཙན་འཁྲིད་བྱས་པའི་སྐོར་ལ་གནས་ཚུལ་བཏོན་ཡོད་པ་ལྟར། ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༥ ནང་ཁོང་ཤག་ཆུ་གྲོང་དུ་ཕེབས་སྐབས། ས་གནས་མི་དམངས་ཀྱིས་རེ་འབོད་ཞུས་དོན་ལྟར་མི་རིགས་དང་སྐད་ཡིག་གི་གནས་བབས་སྐོར་ལ་བཀའ་སློབ་གཏམ་བཤད་ཅིག་གནང་བཞིན་པའི་དུས་སུ་རྒྱ་མིའི་ཉེན་རྟོག་པས་བཙན་འཁྲིད་བྱས་ཡོད་པ་རེད།

དེ་བཞིན། གྲྭ་བསྟན་འཛིན་ལྷུན་གྲུབ་ལགས་བཙན་འཁྲིད་སྐབས་མང་ཚོགས་ཀྱི་འཇུ་བཟུང་བྱེད་དགོས་པའི་རྒྱུ་རྐྱེན་དྲིས་པར། རྒྱ་གཞུང་ཉེན་རྟོག་པས་ཉིན་དེའི་གནས་ཚུལ་ཙམ་མིན་པར་ཁོ་ཚོས་ལོ་མང་རིང་ཉམས་ཞིབ་བྱས་ཏེ། གྲྭ་བསྟན་འཛིན་ལྷུན་གྲུབ་ལགས་ཀྱི་ནག་ཉེས་མང་པོ་གསལ་རྟོབས་བྱུང་ཡོད་སྐོར་དང་། ནགས་ལྷ་སྲུང་སྐྱོབ་ལས་འགུལ་སྤེལ་མཁན་གྱི་གྲས་སུ་ཡང་ཡོད་པ་སོགས་བཤད་ནས། ཉེན་རྟོག་པ་དང་དམག་མིས་དགོན་པའི་མཐའ་བསྐོར་ནས་གྲྭ་ཤག་སྔོགས་བཤེར་དང་བཅས་བཙན་འཁྲིད་བྱས་ཡོད་པ་རེད། དེ་བས་བཟུང་གྲྭ་བསྟན་འཛིན་ལྷུན་གྲུབ་ལགས་ས་ཆ་གང་ཞིག་ཏུ་བཙན་འཁྲིད་བྱས་མིན་སོགས་གནས་ཚུལ་གང་ཡང་ཤེས་རྟོགས་བྱུང་མེད་པར་ལྷག་ཡོད་པ་རེད།

གྲྭ་བསྟན་འཛིན་ལྷུན་གྲུབ་ལགས་ནི་ཤག་ཆུ་ཤང་དགེ་སྣེ་གྲོང་ནས་ཡིན་ལ། ཆུང་དུས་ནས་འགོམ་དགོན་གསར་དགོན་དུ་འཛུལ་ཞུགས་བྱས་པ་དང་། ༢༠༠༢ ཡས་མས་ནས་འབྲི་གུང་མཐིལ་སོགས་སུ་སྒྲུབ་པ་ཉམས་ལེན་ལ་བཞུགས་པ་དང་། མཉམ་དུ་ནང་པའི་གཞུང་ལུགས་གཙོ་བའི་རིག་གནས་ཐུན་མོང་ལ་གསན་བསམ་མཛད། ཕྱིེས་སུ་རང་ཡུལ་དུ་ཕྱིར་ཕེབས་ནས་རང་དགོན་འགོམ་དགོན་གསར་དགོན་དུ་ཚོགས་བླའི་འགན་ཁུར་བར་མ་ཟད། ཞོར་དུ་གྲྭ་བ་རྣམས་ལ་ནང་ཆོས་འཆད་ཁྲིད་གནང་བཞིན་ཡོད་པ་རེད། དེ་བཞིན། ཁོང་གིས་ལྷག་དཀར་ཉིན་མོར་གྲོང་པ་ཁག་གི་ནང་དུ་ནང་ཆོས་ངོ་སྤྲོད་དང་རྩོད་པ་འདུམས་སྒྲིག དེ་མིན་དཀར་ཟས་ལ་སྤྱོད་པའི་བསྐུལ་མ་གནངས་བ་སོགས་ཆོས་སྲིད་ཁྲིམས་གསུམ་ཀུན་དང་མཐུན་པའི་ཡར་བསྐུལ་གྱི་ལས་འགུལ་ཡང་སྣ་མང་སྤེལ་གྱི་ཡོད་པ་རེད།

གྲྭ་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་རང་བྱུང་ཁོར་ཡུག་སྲུང་སྐྱོབ་མཁན་དག་ལ་ཁ་བཏགས་འབུལ་བཞིན་པ།
གྲྭ་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་རང་བྱུང་ཁོར་ཡུག་སྲུང་སྐྱོབ་མཁན་དག་ལ་ཁ་བཏགས་འབུལ་བཞིན་པ།

ལྷག་པར་དུ་ཁོང་གིས་ནམ་རྒྱུན་ཡུལ་མི་རྣམས་ལ་མི་རིགས་ཀྱི་ལ་རྒྱའི་སྐོར་ཆོད་སེམས་བརྟན་པོས་ངང་འགྲེལ་བཤད་རྒྱག་བཞིན་ཡོད་པས།ཡུལ་མི་ཚོའི་ངོས་ནས་ཀྱང་ཁོང་ལ་གདེང་འཇོག་ཆེན་པོ་བྱེད་བཞིན་ཡོད་པ་རེད། ན་ནིང་རྒྱ་གཞུང་གིས་ནགས་ལྷའི་གཏེར་ཁ་སྔོགས་འདོན་བྱེད་སྐབས་ཁོང་གིས་ཡུལ་མི་རྣམས་ལ་བཀག་འགོག་བྱེད་དགོས་པའི་སྐུལ་མ་བྱས་ཚུལ་དང། དངོས་སུ་མི་དམངས་ལ་བཀའ་སློབ་གནང་བ་དང་ནགས་ལྷ་སྲུང་སྐྱོབ་བྱེད་མཁན་དག་ལ་ཁ་བཏགས་གཡོགས་པས་རྒྱ་གཞུང་ཧ་ཅང་མ་དགའ་བ་ཆགས་ཡོད་པར་བཤད་ཀྱི་འདུག

གཞན་ཡང་། ལོ་སྔོན་མར་འབྲི་རུ་ནགས་ལྷའི་གཏེར་ཁ་རྒྱ་གཞུང་གིས་སྔོགས་འདོན་བྱེད་གྲབས་ཡོད་དུས། ཁོང་གིས་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཆེད་བཀག་འགོག་དགོས་པའི་སྐུལ་མ་བྱས་པ་དང་། དངོས་སུ་མི་མང་ལ་བཀའ་སློབ་དང་ནགས་ལྷ་སྲུང་སྐྱོབ་ཡོང་མཁན་འཐུས་མི་ལ་ཁ་བཏགས་གཡོགས་པ་སོགས་བྱས་པས་རྒྱ་གཞུང་གི་སེམས་ལ་ཧ་ཅང་ཕོག་ཡོད་པ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། སྤྱིར་འབྲི་རུའི་ཕྱོགས་སུ་རྒྱ་གཞུང་གིས་དམ་དྲག་སྔར་བཞིན་ཡིན་སྟབས། དུས་རྒྱུན་སྐད་འཕྲིན་གྱི་བརྒྱུད་ལམ་བཀག་འགོག་བྱེད་ཀྱིས་ཡོད་པས། ཞིབ་ཕྲའི་གནས་ཚུལ་རྒྱུས་ལོན་བྱེད་རྒྱུར་དཀའ་ངལ་ཡོད་པ་རེད།