03/08/2020

གྲྭ་པ་ཞིག་གིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་ཞི་རྒོལ།

  •   
  •  
  •  
  •  
  •  
  •  
  •  

རྒྱ་གཞུང་གིས་བོད་ཐོག་འཛིན་པའི་མི་སེར་སྤེལ་བའི་དྲག་གནོན་དབང་སྒྱུར་གྱི་སྲིད་ཇུས་ཀྱི་རྐྱེན་པས། བོད་ས་སྟོད་སྨད་བར་གསུམ་དུ་རང་ལུས་མེར་བསྲེགས་ཀྱི་ཞི་བའི་ངོ་རྒོལ་རིམ་པར་བྱུང་ཡོད་ལ། ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་བོད་མདོ་སྨད་ཀླུ་ཆུ་རྫོང་རྨོག་རི་དགོན་པའི་གྲྭ་དཀོན་མཆོག་བསྟན་འཛིན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་པ་དང་།  ཉེ་བའི་ཟླ་འདིའི་ནང་སྔ་ཕྱིར་རང་ལུས་མེར་བསྲེགས་གཏོང་མཁན་ ༥ པ་དང་།  ད་ལྟའི་བར་བོད་ནང་རང་བསྲེགས་གཏོང་མཁན་ ༡༡༤ པ་དེ་ཆགས་ཡོད་པ་རེད།  ཡིན་ནའང་། རྒྱ་གཞུང་གིས་སོ་སོའི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་དེ་ཡོ་བསྲང་གིས་བོད་མི་མང་གི་མངོན་འདོད་ལ་ཉན་འཇོག་བྱེད་རྒྱུ་ལས་ལྡོག་སྟེ།  ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་ནི་ “བོད་མི་ཞིང་བྲན་ཁྲི་ཚོ་བརྒྱ་ལ་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོ ” རུ་བསྒྲགས་ཏེ།  བཙན་དྲག་འོག་བོད་མི་ཚོར་དུས་དྲན་སྲུང་བརྩི་བྱེད་འཇུག་གི་ཡོད་འདུག

kunchok tenzin
རང་ལུས་མེར་བསྲེགས་ཀྱིས་འདས་གྲོངས་ཕྱིན་པའི་ཀླུ་ཆུ་རྫོང་རྨོག་རི་དགོན་པའི་གྲྭ་དཀོན་མཆོག་བསྟན་འཛིན་ལགས།

འདི་ག་ལྟེ་གནས་ཁང་དུ་གནས་ཚུལ་འབྱོར་གསལ།  ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢༦ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༧ པ་ཙམ་ལ།  བོད་མདོ་སྨད་ཀླུ་ཆུ་རྫོང་རྨོག་རི་དགོན་པའི་གྲྭ་དཀོན་མཆོག་བསྟན་འཛིན་ལགས་ཀྱིས།  རྨོག་རི་དགོན་པའི་ཉེ་འདབས་ཀྱི་(འདན་ལུང་མདོ་)སུམ་མདོའི་ལམ་ཆེན་ནས་རང་ལུས་མེར་བསྲེགས་གནང་སྟེ།  རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་སྒྱུར་གྱི་སྲིད་ཇུས་ལ་ངོ་རྒོལ་གྱིས་འདས་གྲོངས་སུ་གྱུར་ཡོད་པ་དང་། དེ་རྗེས་ཁོང་གི་སྐུ་ཕུང་ཡར་དགོན་པའི་ནང་དུ་གདན་འདྲེན་བྱས་ཡོད་ཀྱང་།  རྒྱ་གཞུང་གིས་བཙན་ཕྲོག་བྱེད་པར་དོགས་ནས་མཚན་མོ་དེར་ཞུགས་འབུལ་བྱེད་དགོས་བྱུང་ཡོད་འདུག

དཀོན་མཆོག་བསྟན་འཛིན་ལགས་ནི་ཀླུ་ཆུ་རྫོང་ཟམ་ཚ་ཡུལ་ཚོའི་རྨོག་རི་སྡེ་བའི་ཡིན་པ་དང་། ད་ལྟ་རང་ལོ་ ༢༨ ཡིན་ལ།  ཁོང་གི་ཕའི་མིང་ལ་ལྷ་ཁོ་དང་མའི་མིང་ལ་ལྷ་མོ་འཚོ་ཟེར།  ཁོང་ནི་ཕ་གཅིག་པའི་མིང་སྲིང་བདུན་ཡོད་པའི་ནང་ནས་ཆུང་ཤོས་དེ་ཡིན་འདུག ཁོང་ཆུང་དུས་ནས་རྨོག་རི་དགོན་པར་ཆོས་ཞུགས་བྱས་ཏེ་དགོན་པའི་འཆར་ཅན་གྱི་ཆོས་ཀྱི་ཆོ་ག་ཕྱག་ལེན་དང་། འདོན་པ་བློ་འཛིན་སོགས་ཀྱི་རིམ་པ་ཚང་མ་མཐར་ཕྱིན་ཏེ། དེང་སྐབས་ཐུན་མོང་བའི་རིག་གནས་ཁག་དང་། ནང་དོན་རིག་པ་སོགས་ལ་སློབ་གཉེར་གནང་གི་ཡོད་འདུག

mokri gonpa
མདོ་སྨད་ཀླུ་ཆུ་རྫོང་རྨོག་རི་དགོན་བསམ་འཕེལ་གླིང་།

གནས་ཚུལ་དེ་བྱུང་རྗེས་རྨོག་རི་དགོན་པ་དང་ཉེ་འདབས་ཀྱི་གྲོང་པ་ཁག་ཚང་མར། རྒྱ་གཞུང་གིས་ཉེན་རྟོག་པ་མང་པོ་འགྲེམས་འཇོག་གིས་དམ་དྲག་ནན་མོ་བྱས་ཡོད་འདུག འདི་ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་ཁོངས་ནས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་ ༦ པ་དེ་ཆགས་ཡོད།

རྨོག་རི་དགོན་བསམ་འཕེལ་གླིང་(དགེ་ལྡན་བྱམས་འཕེལ་གླིང་)ནི་ཕྱི་ལོ་༡༧༨༠ ལོར་ཟམ་ཚ་གསེར་ཁྲི་འཇིགས་མེད་ནམ་མཁས་ཕྱག་བཏབ་མཛད་ཅིང་རྒྱུད་སྟོད་གྲྭ་ཚང་གི་ཕྱག་ལེན་ངོས་གཙང་ཚུགས། ཕྱིས་སུ་སྟག་ཚང་ལྷ་མོ་ཀིརྟི་དགོན་པ་ནས་ཁྲི་བ་དང་དགེ་རྒན་བསྐོ་གཏོང་གནང་སྲོལ་བྱུང་བ་ནས་ད་ལྟའི་བར་དེ་མུར་གནང་མུས་ཡིན་ཞིང་། དེང་སྐབས་ཀྱི་ཟམ་ཚ་གསེར་ཁྲི་ཁོང་ནི་སྐུ་ཕྲེང་བདུན་པ་ཆགས་ཡོད།