24/11/2020

གྲྭ་དཔལ་ལྡན་འཕྲིན་ལས་ལགས་ལོ་ ༧ གྱི་བཙོན་འཇུག་གཙང་སྟེ་གློད་གྲོལ་ཐོབ།

  •   
  •  
  •  
  •  
  •  
  •  
  •  

རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱིས་མི་སེར་སྤེལ་བའི་དབང་སྒྱུར་ས་ཁོངས་ལྟར་བྱས་ན། ཟི་ཁྲོན་ཞིང་ཆེད་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་འབོད་པའི་ཁོངས་གཏོགས། དཀར་མཛེས་དགོན་པའི་གྲྭ་དཔལ་ལྡན་འཕྲིན་ལས་ལགས། ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་ཟི་ཁྲོན་ཏིག་ཡཱང་བཙོན་ནང་ལོ་བདུན་གྱི་བཙོན་འཇུག་དུས་བཀག་གཙང་སྟེ་གློད་གྲོལ་ཐོབ་ཡོད་འདུག

གྲྭ་དཔལ་ལྡན་འཕྲིན་ལས་ལགས་དུས་བཀག་བཙོན་འཇུག་གཙང་སྟེ་གློད་གྲོལ་གྱིས་རང་ཁྱིམ་དུ་འབྱོར་བ།
གྲྭ་དཔལ་ལྡན་འཕྲིན་ལས་ལགས་དུས་བཀག་བཙོན་འཇུག་གཙང་སྟེ་གློད་གྲོལ་གྱིས་རང་ཁྱིམ་དུ་འབྱོར་བ།

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། སྐྱེས་ཡུལ་བོད་མདོ་ཁམས་དཀར་མཛེས་མདའ་མདོག་ཡུལ་ཚོ་ནས་ཡིན་པའི་དཀར་མཛེས་དགོན་པའི་གྲྭ་དཔལ་ལྡན་འཕྲིན་ལས་ལགས། ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༡༧ གྱི་ཉིན་གུང་ཙམ་ལ་རྒྱ་ནག་ཟི་ཁྲོན་ཏིག་ཡཱང་བཙོན་ནང་ལོ་ ༧ གྱི་བཙོན་འཇུག་དུས་བཀག་གཙང་སྟེ་གློད་གྲོལ་ཐོབ་སྟེ་དཀར་མཛེས་རྫོང་ཉེན་རྟོག་པར་རྩིས་སྤྲོད་བྱས་ཡོད་འདུག ཡིན་ནའང་། དཀར་མཛེས་རྫོང་ཉེན་རྟོག་པས་ས་གནས་ཡུལ་མིའི་ངོས་ནས་གྲྭ་དཔལ་ལྡན་འཕྲིན་ལས་ལགས་བཙོན་གྲོལ་ཐོབ་པར་ཕེབས་བསུ་སྣེ་ལེན་རྒྱ་ཆེན་པོ་བྱ་རྒྱུར་དོགས་ཟོན་གྱིས་དུས་འགྱངས་བྱས་ཏེ་ས་གནས་མདའ་མདོག་ཡུལ་ཚོའི་ཉེན་རྟོག་ཁང་ལ་རིམ་པས་རྩིས་སྤྲོད་བྱས་མཐར། ཕྱི་ཚེས་ ༡༨ ཉིན་གྱི་ཐོ་རེངས་མཚན་གྱི་ཆུ་ཚོད་ ༣ ཙམ་ལ་ས་གནས་མདའ་མདོག་ཡུལ་ཚོའི་ཉེན་རྟོག་ཁང་གིས་གསང་བའི་ཐོག་ནས་ནང་མི་འབོད་འགུགས་ཀྱིས་རྩིས་སྤྲོད་བྱས་ཡོད་འདུག ཡིན་ནའང་། ཁོང་རང་ཁྱིམ་དུ་འབྱོར་སྐབས་ནང་མི་གཉེན་ཉེ་དང་ས་གནས་གྲོང་མི་སྐོར་ཞིག་གིས་ཁོང་ལ་ཁ་བཏགས་བསྐྲོན་ཏེ་ཕེབས་བསུ་བྱས་ཡོད་འདུག

ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་ཡོད་པ་ལྟར། ལོ་དེའི་ཟླ་ ༥ ཚེས་ ༡༨ ཉིན་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ། གྲྭ་དཔལ་ལྡན་འཕྲིན་ལས་དང་། བྱམས་པ་རྡོ་རྗེ། གངས་དཀར་འཕྲིན་ལས། འཇམ་དབྱངས་ཚེ་རིང་། ཚེ་དབང་བཅས་ལྷན་དུ། ༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་། ༧གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་ལ་རང་དབང་དགོས་ཞེས་སྐད་འབོད་བྱས་སྐབས། རྒྱ་གཞུང་ཉེན་རྟོག་པས་ཁོང་རྣམས་འཇུ་བཟུང་བཙན་འཁྲིད་ཀྱིས་བཀག་ཉར་བྱས་ཡོད་པ་རེད།

རྗེས་སུ་ཕྱི་ལོ་ ༢༠༠༨ ལོ་མཇུག་ཙམ་ལ་དཀར་མཛེས་ཁུལ་ཁྲིམས་ཁང་གིས་གྲྭ་དཔལ་ལྡན་འཕྲིན་ལགས་ལ་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་ལོ་ ༧ གི་བཙོན་འཇུག་ཁྲིམས་ཐག་བཅད་དེ་ཏིན་ཡཱང་བཙོན་ཁང་དུ་བཙོན་འཇུག་བྱས་པ་དང་། གཞན་པའི་གྲྭ་བྱམས་པ་རྡོ་རྗེ་དང་གངས་དཀར་འཕྲིན་ལས། འཇམ་དབྱངས་ཚེ་རིང་། ཚེ་དབང་བཅས་ལའང་གོང་གསལ་ཉེས་མིང་དེའི་འོག དཀར་མཛེས་རྫོང་གི་ཁྲིམས་ཁང་གིས་དུས་བཀག་བཙོན་འཇུག་ཐུང་ཤོས་ལོ་གཅིག་དང་ཟླ་བ་འགའ་ཤས་དང་། རིང་ཤོས་ལོ་གསུམ་ལྷག་བར་གྱི་ཁྲིམས་ཐག་བཅད་དེ་མཱེན་ཡཱང་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་རེད།

དེ་སྔོན་གྲྭ་དཔལ་ལྡན་འཕྲིན་ལས་དང་བཙོན་ཁང་གཅིག་གི་བཙོན་རོགས་ཡིན་པའི་ཆབ་སྲིད་བཙོན་ཟུར་མགོན་པོ་འཕྲིན་ལས་ལགས་ཀྱིས་སྐབས་དེའི་བཙོན་འོག་གི་གནས་ཚུལ་སྐོར་བརྗོད་པ་ལྟར་ན། བཙོན་ཁང་ནང་འཚོ་གོས་མཐུན་རྐྱེན་ཞན་པའི་འོག་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་བར་བརྟེན་ནས། གྲྭ་དཔལ་ལྡན་འཕྲིན་ལས་ལགས་ལ་ཕོ་བའི་ན་ཚ་དང་མཆིན་པའི་ན་ཚ། དེ་བཞིན། གཟུགས་པོ་བདེ་ཐང་མེད་པར་ཟུངས་ཤུགས་ཟད་པ་སོགས་ཀྱི་གནས་ཚུལ་བྱུང་མྱོང་ཡོད་པ་མ་ཟད། ད་ལྟའི་ཆར་ཡང་ཁོང་གི་གཟུགས་པོའི་གནས་སྟངས་དེ་ཙམ་བདེ་ཐང་མེད་པའི་གནས་ཚུལ་ཆགས་ཡོད་འདུག དེ་སྔོན་གྲྭ་དཔལ་ལྡན་འཕྲིན་ལས་ལགས་འཇུ་བཟུང་བཙོན་སྐབས་རང་ལོ་ ༡༩ ཡིན་པ་དང་། ད་ལྟའི་ཆར་ཁོང་རང་ལོ་ ༢༦ ལ་སོན་ཡོད་པ་རེད།

Select Language