03/08/2020

གྲྭ་དགེ་འདུན་ཕུན་ཚོགས་ཞི་བའི་ངོ་རྒོལ་བྱེད་སྐབས་འཇུ་བཟུང་བཙན་ཁྲིད་བྱས་འདུག

  •   
  •  
  •  
  •  
  •  
  •  
  •  
ཞི་བའི་ངོ་རྒོལ་གནང་མཁན་གྲྭ་དགེ་འདུན་ཕུན་ཚོགས་ལགས།
ཞི་བའི་ངོ་རྒོལ་གནང་མཁན་གྲྭ་དགེ་འདུན་ཕུན་ཚོགས་ལགས།

བོད་མདོ་སྨད་རྔ་བ་ཀིརྟི་དགོན་པའི་གྲྭ་དགེ་འདུན་ཕུན་ཚོགས་ལགས་ཀྱིས། རྔ་བ་རྫོང་མཁར་གྱི་ཁྲོམ་གཞུང་དུ་ཞི་བའི་སྐད་འབོད་གོམ་བགྲོད་ཀྱིས་ངོ་རྒོལ་བྱེད་སྐབས། རྒྱ་གཞུང་ཉེན་རྟོག་པས་ཁོ་འཇུ་བཟུང་བཙན་འཁྲིད་བྱས་ཡོད་འདུག

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་༨ ཉིན་གྱི་བོད་ནང་གི་ཉིན་རྒྱབ་ཆུ་ཚོད་ ༡ དང་ཕྱེད་ཀའི་སྟེང་། བོད་མདོ་སྨད་རྔ་བ་ཀིརྟི་དགོན་པའི་གྲྭ་དགེ་འདུན་ཕུན་ཚོགས་ལགས་ཀྱིས། ༧གོང་ས་མཆོག་གི་སྐུ་པར་ཆེན་པོ་ཞིག་ཁ་བཏགས་སེར་པོས་ལྗིབས་ནས་མགོའི་སྟེང་དུ་འཕྱར་ཏེ། ༼རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས། བོད་ལ་རང་དབང་དང་འདྲ་མཉམ་དགོས།༽ཞེས་སྐད་འབོད་གནང་བཞིན། རྔ་བ་རྫོང་མཁར་གྱི་གཞུང་ལམ་སྟེང་ནས་ཞི་བའི་གོམ་བགྲོད་གནང་སྟེ་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་སྒྱུར་གྱི་སྲིད་ཇུས་ལ་ངོ་རྒོལ་གནང་ཡོད་ཅིང་། ཆུ་ཚོད་ཅུང་ཙམ་ལས་མ་འགོར་བར་ཉེན་རྟོག་པ་འབྱོར་ཏེ་ཁོང་འཇུ་བཟུང་བཙན་ཁྲིད་བྱས་ཡོད་འདུག

གྲྭ་དགེ་འདུན་ཕུན་ཚོགས་ལགས་ནི་རང་ལོ་ ༡༨ ཡིན་པ་དང་། རྔ་བ་རྫོང་གཅའ་ཡུལ་ཚོའི་ཕྱུགས་ལ་འགབ་མའི་ཕ་བཀྲ་རྒྱ་དང་མ་རིག་གོ་གཉིས་ཀྱི་བུ་ཡིན་པ་རེད། ཁོ་ཆུང་དུས་ནས་རྔ་བ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཏེ། ལོ་སྔོན་མའི་ནང་སྔོན་འགྲོའི་འཛིན་གྲྭ་ཁག་མཐར་ཕྱིན་ཡོད་འདུག

གྲྭ་དགེ་འདུན་ཕུན་ཚོགས་ལགས་ཀྱིས་༧གོང་ས་མཆོག་གི་སྐུ་པར་འཕྱར་ནས་རྔ་བ་རྫོང་མཁར་གྱི་ཁྲོམ་གཞུང་དུ་ཞི་བའི་ངོ་རྒོལ་གོམ་བགྲོད་གནང་བཞིན་པ།
གྲྭ་དགེ་འདུན་ཕུན་ཚོགས་ལགས་ཀྱིས་༧གོང་ས་མཆོག་གི་སྐུ་པར་འཕྱར་ནས་རྔ་བ་རྫོང་མཁར་གྱི་ཁྲོམ་གཞུང་དུ་ཞི་བའི་ངོ་རྒོལ་གོམ་བགྲོད་གནང་བཞིན་པ།