09/08/2020

གྲྭ་ཆོས་འཕེལ་ལ་ལོ་ ༢ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

  •   
  •  
  •  
  •  
  •  
  •  
  •  
རྒྱ་གཞུང་གིས་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་རོང་བོ་དགོན་པའི་གྲྭ་དགེ་འདུན་ཆོས་འཕེལ་ལགས།
རྒྱ་གཞུང་གིས་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་རོང་བོ་དགོན་པའི་གྲྭ་དགེ་འདུན་ཆོས་འཕེལ་ལགས།

རེབ་གོང་རོང་བོ་དགོན་པའི་གྲྭ་སྒོ་དམར་ཆོས་འཕེལ་ལགས་ལ། སྤྱི་ཚོགས་བརྟན་ལྷིང་དང་རྒྱལ་ཁབ་ཁ་བྲལ་གཏོང་བའི་བྱ་སྤྱོད་སྤེལ་བའི་ཉེས་འཛུགས་འོག ཟླ་བ་བདུན་རིང་བཀག་ཉར་འདྲི་གཅོད་བྱས་མཐར་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༡༧ ཉིན་རྨ་ལྷོ་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་གིས། ཆ་འཕྲིན་བརྒྱུད་ལམ་ཁག་ཏུ་༧གོང་ས་མཆོག་གི་སྐུ་པར་བརྒྱུད་སྐུར་དང་ཉར་ཚགས་བྱས་ཏེ། སྤྱི་ཚོགས་བརྟན་ལྷིང་དང་རྒྱལ་ཁབ་ཁ་བྲལ་གཏོང་བའི་བྱ་སྤྱོད་སྤེལ་ཡོད་པའི་ཉེས་མིང་འོག གྲྭ་སྒོ་དམར་ཆོས་འཕེལ་ལགས་ལ་ལོ་ ༢ དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག ད་ལྟའི་ཆར་རེབ་གོང་རྫོང་གི་བྲག་དམར་འོག་བཙོན་ཁང་དུ་བཅུག་བྱས་ཡོད་པ་དང་། ཁྲིམས་ཐག་བཅད་ནས་ཉིན་བཅུའི་རྗེས་སུ་ནང་མི་བལྟ་རུ་ཡོང་ཆོག་སྐོར་བཤད་ཡོད་འདུག

འདི་ག་ལྟེ་གནས་ཁང་གིས་དེ་སྔོན་ཁོང་འཇུ་བཟུང་བཙན་འཁྲིད་བྱས་པའི་སྐོར་ལ་གནས་ཚུལ་སྤེལ་ཟིན་ལྟར། ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༠ ཉིན་རེབ་གོང་རོང་བོ་དགོན་པའི་གྲྭ་སྒོ་དམར་ཆོས་འཕེལ་ལགས། རྒྱ་གཞུང་ཉེན་རྟོག་པས་དགོན་པའི་ནང་ནས་འཇུ་བཟུང་བཙན་འཁྲིད་བྱས་ཡོད་པ་མ་ཟད། སྐབས་དེར་ཁོང་གི་གྲྭ་ཤག་ལའང་བསྔོག་བཤེར་བྱས་ཡོད་འདུག དེ་ལྟར་འདས་པའི་ཟླ་ ༧ ལྷག་རིང་བཀག་ཉར་གཅར་རྡུང་བྱས་མཐར། ཉེ་ཆར་ཉེས་མེད་ཉེས་འཛུགས་ཀྱིས་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

ཁོང་འཛིན་བཟུང་བྱེད་དགོས་དོན་ནི། ཁོང་གིས་སྐད་འཕྲིན་ནང་༸གོང་ས་མཆོག་གི་སྐུ་པར་ཁ་ཤས་ཤིག་བརྒྱུད་བསྐུར་དང་ཉར་ཚགས་བྱས་པའི་རྐྱེན་གྱིས་ཡིན་འདུག རྒྱ་གཞུང་གིས་བོད་མི་རྣམས་ཀྱིས་༧གོང་ས་མཆོག་གི་སྐུ་པར་ཉར་ཚགས་བྱས་པ་རྒྱུ་མཚན་དུ་བྱས་ཏེ། བོད་མི་དད་ལྡན་པ་རྣམས་གང་བྱུང་འཇུ་བཟུང་བཙོན་འཇུག་བྱེད་བཞིན་པའི་བྱ་སྤྱོད་དེ་ནི། བོད་མི་རིགས་ཀྱི་ཆོས་དད་རང་དབང་གི་ཐོབ་ཐང་རྡོལ་རོལ་བཏང་བ་ཞིག་ཆགས་ཡོད་པ་མ་ཟད། རྒྱ་གཞུང་གིས་ངོས་ལེན་མིང་རྟགས་བཀོད་ཡོད་པའི་༼འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས༽ཀྱིས་གཙོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཆིངས་དག་རྩིས་མེད་དང་། རྒྱ་གཞུང་རང་ཉིད་ཀྱི་བཅའ་ཁྲིམས་ནང་དམངས་ཡོངས་ལ་ཆོས་དད་རང་དབང་ཡོད་པར་ཁས་ལེན་བྱས་པའི་དམ་བཅའ་དང་རྒྱབ་འགལ་དུ་གྱུར་ཡོད།

རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱིས་མི་སེར་སྤེལ་བའི་ད་ལྟའི་སྲིད་འཛིན་ས་ཁོངས་ལྟར་བྱས་ན། གྲྭ་ཆོས་འཕེལ་ལགས་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་གཉན་ཐོག་ཡུལ་ཚོ་སྒོ་དམར་གྲོང་ཚོ་ནས་ཡིན་པ་རེད། ཁོང་ད་ལྟ་རང་ལོ་ ༤༧ ཡིན་པ་དང་། ཆུང་དུས་ནས་རེབ་གོང་རོང་བོ་དགོན་པའི་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་ཞུགས་ཏེ་ད་ལྟ་འདུལ་བ་འཛིན་གྲྭར་བསླེབས་ཡོད་འདུག