16/12/2019

གསེར་རྟ་རྫོང་ཐོག་ཏུ་བོད་མི་ཞི་རྒོལ་བ་ཞིག་རྒྱ་གཞུང་གིས་འཇུ་བཟུང་།

  •   
  •  
  •  
  •  
  •  
  •  
  •  
རྒྱ་གཞུང་གིས་འཇུ་བཟུང་བཙན་འཁྲིད་བྱས་པའི་བོད་མི་རྡོ་རྗེ་རིན་ཆེན་ལགས།
རྒྱ་གཞུང་གིས་འཇུ་བཟུང་བཙན་འཁྲིད་བྱས་པའི་བོད་མི་རྡོ་རྗེ་རིན་ཆེན་ལགས།

གསེར་རྟ་རྫོང་ཐོག་ཏུ་བོད་མི་རྡོ་རིས་ཟེར་བ་ཞིག་གིས་རླུང་རྟ་གཏོར་བཞིན་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་མི་སེར་སྤེལ་བའི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་བྱས་པར། རྒྱ་གཞུང་གིས་ཁོང་འཇུ་བཟུང་བཙན་འཁྲིད་བྱས་ཡོད་འདུག

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ༢༠༡༤ ཕྱི་ཟླ་ ༡༠ ཚེས་༡༦ ཉིན། རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱི་དབང་སྒྱུར་ས་ཁོངས་ལྟར་བྱས་ན། ཟི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གསེར་རྟ་རྫོང་དུ། བོད་མི་རྡོ་རིས་སམ་རྡོ་རྗེ་རིན་ཆེན་ལགས་ཀྱིས་གསེར་རྟའི་ཉེ་འགྲམ་གྱི་ཁྲོམ་གཞུང་དུ་རླུང་རྟ་གཏོར་བཞིན་ངོ་རྒོལ་ཁྲོམ་སྐོར་བྱས་སྟབས། རྒྱ་གཞུང་ཉེན་རྟོག་པས་ཁོང་འཇུ་བཟུང་བཙན་ཁྲིད་བྱས་ཡོད་འདུག

བོད་ནས་གནས་ཚུལ་དངོས་སུ་མཐོང་མཁན་གྱིས་འགྲེལ་བརྗོད་བྱས་པ་ལྟར་ན། རྡོ་རིས་ལགས་ཀྱིས་རླུང་རྟ་གཏོར་བཞིན་ཞི་བའི་ངོ་རྒོལ་བྱས་ཡོད་ཀྱང་། རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་གིས་ཁོང་གི་སྐྲ་ནས་འཇུས་ཏེ་བཙན་ཁྲིད་བྱས་ཡོད་པ་དང་། སྐབས་དེར་བོད་མི་ཁག་གིས་ཀི་བཏབ་སྟེ་འགོག་ཐབས་བྱས་ཀྱང་ཕན་ཐོགས་བྱུང་མེད་འདུག

བོད་མི་རྡོ་རིས་ལགས་ནི་གསེར་རྟ་རྫོང་ཧོར་ཤུལ་ཡུལ་ཚོ་ནས་ཡིན་པ་དང་། སྔོན་མ་གནུབས་ཟུར་དགོན་པའི་གྲྭ་པ་བྱེད་མྱོང་ཡོད་འདུག ད་ལྟ་གསེར་རྟ་སྒར་དུ་ཚོང་ལས་གཉེར་ནས་བསྡད་ཡོད་པ་དང་། ཁོང་གི་མའི་མིང་ལ་རིག་མཚོ་ཟེར་གྱི་ཡོད་འདུག

བོད་ནས་མི་གཞན་ཞིག་གིས་གནས་ཚུལ་འགྲེལ་བརྗོད་བྱས་པ་ལྟར་ན། རྒྱ་གཞུང་གིས་བོད་མི་མང་ལ་བརྙེས་བཅོས་དང་། ཚད་ལས་བརྒལ་བའི་བཙན་གནོན་དང་དབང་བསྒྱུར་བྱེད་ཀྱིན་ཡོད་པར་བརྟེན། བོད་མི་རྡོ་རིས་ལགས་ཀྱིས་རང་སྲོག་ལ་མ་འཛེམས་པར་དེ་ལ་ཞི་བའི་ངོ་རྒོལ་བྱས་པ་ཞིག་ཡིན་འདུག